དེ་ནས་བརྒྱུད་འདེབས་ལས། ༡༥

༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽

རྣམ་དཀར་དགེ་ཚོགས་དུ་མས་བསྐྲུན་པའི་སྐུ།།
འདུན་ལྡན་ཡིད་ཀྱི་རེ་བ་སྐོང་བའི་གསུང།།
དཔག་ཡས་མདོ་རྒྱུད་མཐའ་དག་མཁྱེན་པའི་ཐུགས།།
ཐུབ་བསྟན་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་མཁན་ཁྲིར་རྗེ་དགེ་འདུན་རྒྱལ་མཚན་ཕེབས།དམ་པ་འདི་ནི་རྗེ་བདག་ཉིད་ཆེན་པོ་གཤེགས་ནས་ལོ་བརྒྱ་དང་བཅུ་བཞི་སོང་བ་རབ་བྱུང་དགུ་པའི་ཆུ་ཕོ་འབྲུགཕྱི་ལོ་༡༥༣༢ལ་ལྷ་སའི་ལུམ་པ་གཤག་ཏུ་སྐུ་འཁྲུངས།དགུང་གྲངས་བཅུ་གཅིག་པ་ལ་སྐུ་མཆེད་གསུམ་ག་སེ་རའི་ཁྲི་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་བྱེས་པ་མཁན་པོ་ཤེས་རབ་སེངྒེ་ལས་རབ་ཏུ་བྱུང།རྗེ་འདི་པས་བྱེས་པ་གྲྭ་ཚང་དུ་བཀའ་ཆེན་རྣམས་ལ་གསན་བསམ་མཛད་པས་མཁས་པར་གྱུར།

རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཁན་པོ་དང།མངའ་རིས་པ་ལྷ་བཙུན་བསོད་ནམས་དཔལ་བཟང་གིས་ལས་སློབ་མཛད་ནས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས།སྨད་རྒྱུད་གྲྭ་ཚང་དུ་བྱོན་ནས་རྒྱུད་ཆེན་བཀྲིས་བཟང་པོ་དང།ཆོས་རྗེ་བྱམས་པ་རྒྱ་མཚོ་སོགས་བསྟེན་ནས་སྔགས་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་སྦྱངས་པས་ཆུ་བོ་གངྒ་ཚུན་ཆད་ལ་མཁས་སྙན་གྱིས་ཁྱབ།

དགུང་གྲངས་ཞེ་གསུམ་པ་ཤིང་ཕག་ཕྱི་ལོ་༡༥༧༥ལ་སྨད་རྒྱུད་ཀྱི་བླ་མར་ཕེབས་ཏེ།རིམ་པས་མཁན་པོར་ཕེབས་ནས་དགུང་ལོ་ང་བདུན་གྱི་བར་དུ་འཆད་ཉན་ཤིན་ཏུ་དར་རྒྱས་མཛད།གྲྭ་ཚང་འཆད་ཉན་རིམ་ལྔ་དམར་ཁྲིད་ཁྲི་ཁང་བརྩི་བཞག་འདི་ཡང་རྗེ་འདིས་ཡི་གེར་བཀོད་།

དེ་ནས་ས་གླང་ལོར་བྱང་རྩེ་ཆོས་རྗེའི་གོ་སར་ཕེབས།དོན་གཉིས་པ་ལྕགས་གླང་ལོར་ལྷ་དང་བཅས་པའི་འཇིག་རྟེན་གྱི་གཙུག་རྒྱན་དགའ་ལྡན་གསེར་ཁྲིར་ཕེབས།འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་ཐམས་ཅད་མཁྱེན་པ་རྗེ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་དབུས་སུ་ཕེབས་པ་དང་རབ་བྱུང་གི་མཁན་པོ་མཛད།སྟོང་སྐོར་སྤྲུལ་སྐུ་ཡོན་ཏན་རྒྱ་ཚོས་དམ་པ་འདིར་བཀའ་ཆོས་མང་དུ་གསན་སའི་བླ་མར་གྱུར།ལ་མོའི་ས་ཁོང་ནས་དགའ་ལྡན་དུ་དབྱར་ཞལ་བཞེས་པ་རྣམས་ལ་ལོ་རེ་བཞིན་མང་ཇ་ཆག་མེད་དུ་གཏོང་རྒྱུའི་ཐེབས་རྩ་འཇོག་གནང་མཛད།

དགུང་ལོ་དོན་དྲུག་ལ་ཟུར་བཞུགས་མཛད་སྐབས་མྱ་ངན་ལས་འདས།སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་པ་ལ་དངུལ་གདུང་བཞེངས་པ་དགའ་ལྡན་དུ་བཞུགས་སུ་གསོལ།གསུང་གི་བདུད་རྩི་ལ་འཁོར་བའི་བུ་སློབ་ཀྱང་བདེ་ཆེན་ཆོས་ཀྱི་རྒྱལ་པོ་མཐུ་སྟོབས་ཡོན་ཏན་རྒྱ་མཚོ་དང་།པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན།ཟི་ལིང་སྟོང་སྐོར་སྤྲུལ་སྐུ་དང།དགེ་བའི་བཤེས་གཉེན་མདོ་སྔགས་ཀྱི་བསྟན་པའི་བདག་པོ་མང་དུ་བྱུང་སྟེ།རྒྱུད་ཆེན་རྣམ་རྒྱལ་དཔལ་བཟང།གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ།རྗེ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་དང།མཁས་པ་ཀུན་གྱི་ཡང་རྩེ་སྟང་ལུང་བྲག་པ་བློ་གྲོས་རྒྱ་མཚོ་སོགས་མང་དུ་བྱུང་།པཎ་ཆེན་བློ་བཟང་ཆོས་རྒྱན་ཁོང་རྒྱལ་དབང་ཡོན་ཏན་རྒྱ་མཚོ་ལ་བཀའ་ཆོས་འབུལ་མཁན་གནང་ན་ཞེས།རྗེ་འདིས་དགོངས་འཆར་ཕུལ་བ་ཡིན་ཞེས་བཻ་སེར་དུ་གསལ།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)