རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བྱུང་རིམ།

༄༅།  །སྟོན་པ་ཐུབ་པའི་དབང་པོས་རིན་པོ་ཆེ་ལྟ་བུའི་གང་ཟག་སོགས་གདུལ་བྱ་རིགས་ཅན་དབང་རྣོན་རྣམས་རྗེས་སུ་གཟུང་བའི་ཕྱིར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ནམ་མཁའི་སྐར་ཚོགས་ལྟར་བསྩལ་ཡོད་པ་དེ་དག་གི་ཁྲོད་ནས། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བྱུང་བ་མདོར་བསྡུས་ཤིག་སྐབས་འདིར་གླེང་བར་བྱ་བའི་ཆོས་སོ།།

དེ་ཡང་ཨུ་རྒྱན་ཡུལ་གྱི་རྒྱལ་པོ་ཆེན་པོ་ཨིནྡྲ་བྷུ་ཏི་ཞེས་པ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་ཡོད་པ་དེས། དགྲ་བཅོམ་པ་མང་པོ་ནམ་མཁར་འཕུར་པ་སོགས་རྫུ་འཕྲུལ་ལ་མངའ་བརྙེས་པ་མཐོང་ཞིང་བརྟགས་པ་ན། དེ་ནི་སངས་རྒྱས་ཀྱི་འཁོར་ཉན་ཐོས་རྣམས་ཡིན་པར་ཤེས་ནས་དེ་ལྟ་བུའི་འཁོར་དང་བཅས་པའི་སངས་རྒྱས་བཅོམ་ལྡན་འདས་ངའི་ཨུ་རྒྱན་གྱི་ཡུལ་དུ་ལན་གཅིག་ཙམ་ཞིག་བྱོན་པས་ཀྱང་ཕན་པ་དང་ལེགས་པ་ཤ་སྟག་འབྱུང་ངེས་ལགས་སོ་སྙམ་དུ་དགོངས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གདུལ་བའི་དུས་ལ་བབས་པ་གཟིགས་ནས་ཨུ་རྒྱན་ཡུལ་དུ་བྱོན་ནོ། །དེ་ནས་རྒྱལ་པོས་བདག་ལ་འདོད་ཡོན་ལ་ཆགས་པ་སྤང་མི་དགོས་པའི་འཚང་རྒྱ་བའི་ཐབས་ཤིག་བསྩལ་དུ་གསོལ་ཞེས་ཞུས་པར། བཅོམ་ལྡན་འདས་ཀྱིས་དགོས་པའི་དབང་གིས་དགེ་སློང་ཆགས་བྲལ་གྱི་སྐུ་ལས་སྡང་སྟེ་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་རྣམ་པར་སྤྲུལ་ནས་དཔལ་གསང་པ་འདུས་པའི་ཟབ་མོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བར་མཛད་དོ།།

དེ་ནས་རིམ་བཞིན་འདུས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་གཞག་དང་། རྒྱུད་ཀྱི་དགོངས་དོན་བཀྲལ་བའི་ཚུལ་སོགས་ལས་འཕགས་ཡུལ་དུ་རྒྱུད་འདིའི་མན་ངག་གི་ལུགས་བཅུ་ཕྲག་གཉིས་ལྷག་ཙམ་བྱུང་བར་མཁས་གྲུབ་རྣམས་ཀྱིས་བཞེད་ཀྱང་། རང་ཅག་བོད་ཀྱི་ཡུལ་དུ་འདུས་པ་འཕགས་ལུགས་ཏེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཅན་མ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ནས་བརྒྱུད་པ་འཇམ་རྡོར་ལྷ་བཅུ་དགུ་མ་སྟེ་ཡོངས་གྲགས་སུ་ཡེ་ཤེས་ཞབས་ལུགས་ཞེས་པ་འདི་དག་བྱུང་ངོ།།

འདུས་པ་འཕགས་ལུགས་ལའང་བོད་ཀྱིས་མཁས་གྲུབ་རྣམས་ཀྱིས་མར་འགོས་ཀྱི་ལུགས་ཞེས་གཉིས་སུ་གྱེས་ཏེ། ༸རྗེ་བདག་ཉིད་ཆེན་པོས་དང་པོ་ནི་གདམས་ངག་གི་ཁྱད་འཕགས་དང་། ཕྱི་མ་ནི་བཤད་སྲོལ་གྱིས་ཁྱད་པར་འཕགས་པའོ་ཞེས་གསུངས་སོ། །དེ་ཡང་མར་ལུགས་ནི་འཕགས་པ་ཀླུ་སྒྲུབ་ནས་ཉིད་ཀྱི་ཐུགས་སྲས་ཚན་མ་ཏིཾ་ཀི་དང་། དེ་ནས་ཏི་ལོ་པ། ནཱ་རོ་པ། མར་པ་སོགས་སུ་བརྒྱུད་པ་ལ་བྱས་ཤིང་། འགོས་ལུགས་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་དཔལ་ལྡན་ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། ནག་པོ་སྤྱོད་པ། སྤྲིན་གྱི་ཤུགས་ཅན་སོགས་ནས་རིམ་བཞིན་འགོས་ལ་བརྒྱུད་པར་བཤད་དོ། །དེ་ནས་མར་འགོས་གཉིས་ཀྱི་རྒྱུད་པ་གཉིས་གཅིག་ཏུ་འདྲེས་པའི་གདམས་ངག་དེ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་རྗེ་རེད་མདའ་བ་ལས་བསན་ཏེ་སྲས་ཀྱི་ཐུ་བོ་༸རྗེ་བཙུན་ཤེས་རབ་སྙན་ཚོམས།གསེང་གེ་སོགས་དཔལ་གསང་བ་འདུས་པའི་ལྷ་སྔགས་ཏིང་འཛིན་གྱི་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ་གནམ་ནས་ས་བཀབ་པ་ལྟར་བུ་བྱུང་བ་ནི་ཁ་བའི་ཡུལ་ཆེན་པོར་རླུང་ལྟར་གྲགས་སོ།།

རྒྱུད་འདིའི་ལྷ་སྒྲུབ་པའི་ཚུལ་ལ་ཡང་མང་དུ་ཡོད་པ་ལས་གཙོ་བོར་བསྐྱེད་རིམ་གྱི་རྣལ་འབྱོར་བཞི་དང་རྫོགས་རིམ་གྱི་རིམ་པ་ལྔ་ཏེ་མདོར་ན་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་འདུས་ཞིང་། འོད་གསལ་དང་སྒྱུ་ལུས་སྒྲུབ་པའི་མན་ངག་ཁྱད་འཕགས་ཅན་ཡང་འདི་ཉིད་ལ་བྱ་སྟེ། བརྟེན་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་དང་། རྟེན་པ་ལྷ་ཐམས་ཅད་ཀྱི་འབྱུང་ཁུངས། རྒྱུད་ཐམས་ཅད་ཀྱི་གཞུང་ཤིང་། མན་ངག་ཀུན་ཀྱི་སྙིང་པོ་ཡིན་ཕྱིར། རྒྱུད་ཀྱི་རྒྱལ་པོ་ཞེས་བསྒྲུབ་བྱའི་ལྷ་དང་སྒྲུབ་བྱེད་ཀྱི་རྣལ་འབྱོར་སོགས་གང་གི་སྒོ་ནས་ཀྱང་རྒྱུད་ཐམས་ཅད་ཀྱི་རྩེ་མོར་སོན་པའོ། །དེས་ན་རྒྱུད་འདིའི་སྔགས་ཙམ་བཏོན་པའམ་ལྷའི་སྐུ་གཟུགས་མཇལ་བ་ཙམ་གྱིས་ཐབས་གཞན་གྱིས་བསྒྲུན་དུ་མེད་པའི་བསོད་ནམས་རླབས་པོ་ཆེ་བྱུང་བའི་ཚུལ་ཡང་དཔལ་ལྡན་ཟླ་བའི་སྒྲོན་གསལ་སོགས་རྒྱུད་ཀྱི་དགོངས་འགྲེལ་དག་ལས་ཤེས་པར་བྱའོ།།

འདུས་པའི་རྒྱུད་འདི་ལ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ། བཤད་རྒྱུད་རྡོ་རྗེ་འཕྲེང་བ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། དགོངས་པ་ལུང་སྟོན། ལྷ་མོ་བཞི་ཞུས། མཉམ་ཉིད་རྣམ་པར་རྒྱལ་བ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། ཐམས་ཅད་གསང་བ་སོགས་མང་དུ་ཡོད་ཅིང་། དེ་དག་ལ་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ཡ་མ་བྲལ་བ་ཞིག་བྱ་འདོད་ན་རྒྱུད་ཀྱི་བཤད་གྲྭ་ཆེན་མོ་རྣམས་སུ་ཞུགས་ཏེ་རིམ་གྱིས་འབད་དགོས་པ་ནི་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ལས་ཤེས་པར་ནུས་སོ།།

༸རྗེ་ཙོང་ཁ་པ་ཆེན་པོས་དགོས་པ་ཆེན་པོ་གསུམ་ལ་གཟིགས་ནས་འཇིག་རྟེན་འདིར་བྱོན་པ་སྟེ་དམ་ཆོས་འདུལ་བའི་ཉམས་བཞེས་དང་། དབུ་མའི་ལྟ་བ། གསང་བདེ་འཇིགས་གསུམ་གྱི་མན་ངག་གི་སྙིང་པོ་གསལ་བར་མཛད་པ་སོགས་ལས། ཕྱི་མའི་དགོངས་དོན་ཡོངས་སུ་རྫོགས་པའི་ཕྱིར་དཔལ་གསང་བ་འདུས་པའི་བསྟན་པ་ལ་ཆེད་དུ་དམིགས་ཏེ་སྲས་ཀྱི་ཐུ་བོ་༸རྗེ་བཙུན་ཤེས་རབ་སེངྒེ་སོགས་ལ་རྡོ་རྗེའི་ཆོས་འདི་བུམ་པ་གང་བྱོའི་ཚུལ་དུ་གཏད་པར་མཛད་དོ།།

དགེ་བཤེས་སྔགས་རམས་པ་ཡེ་ཤེས་དབང་འཛིན།

གྲོགས་པོ།

གྲོགས་པོ།  འབྱུང་འགྱུར་མ་འོངས་པའི་མདུན་ལན་ནི། འཕོ་འགྱུར་དང་། གནས་ཚུལ་གང་འདྲ་ཞིག་ཏུ་སླེབས་མིན་གྱི་གདེང་ཚོད་། ས་བརྟན་བཤད་སུས་ཀྱང་སྨྲ་དཀའ་ལ་རྟོགས་ཀྱང་མི་ཐུབ།

གྲོགས་པོ། འོན་ཀྱང་དེའི་ཕྱོགས་སུ་གོམ་པ་རྒྱག་དགོས་པ་ནི་དངོས་པོའི་གཤིས་ལུགས་ཡིན་ལ། སེལ་ཐབས་མེད་པའི་རང་བཞིན་དང་། འདོད་དོན་གྲུབ་ཐབས་མེད་པའི་ཕྲ་ལམ་ཞིག་ཀྱང་ཡིན་མི་སྲིད། 

གྲོགས་པོ། རྒྱུ་མཚན་དེ་ནས་ཉམས་མྱོང་གིས་སྤྲད་པའི་བྱ་སྤྱོད་ལ་འཇུག་བཞིན་བློ་གྲོས་ཀྱི་རྣམ་དཔྱོད་སྤྱད་ནས། དཀའ་ཚེགས་སེལ་ཐབས་ཀྱི་སྒྲོན་མེ་འབར་བཞིན་ཞག་ནས་ཟླ་བ་དང་། ཟླ་བ་ནས་ལོ་ཕྱོགས་སུ་བསྙེགས་ཀྱང་དཀའ་སྡུག་གི་འཚོར་བར་ལྷུང་སྲིད།

གྲོགས་པོ། མདུན་ལམ་ནི་བར་ཆད་དང་བགེགས་ཆག་མེད་པའི་ཆུ་ཀློང་དང་གཙང་ཆུ་རིང་པོ་ལྟར་གཡོ་མེད་དང་། གཏན་དུ་འགྱུར་པའི་ཀློང་བཞིན་མིན་ལ་རྣམ་པ་འཕོ་མེད་རྡོ་རྗེའི་བྲག་ལྟ་བུ་ཞིག་ཀྱང་ཡིན།

གྲོགས་པོ། རང་ཅག་དེའི་ཕྱོགས་སུ་བསྐྱོད་པ་ནི་ཉི་འོད་ནས་ཕུར་བའི་འུག་པ་ཞིག་དང་ལྷག་པ་ནང་གི་མར་མེ་བཞིན་ཡིན་ཞིང་། བདེ་སྐྱིད་ཀྱི་འབྲས་བུ་ཞིག་ཀྱང་བསྐྲུན་ཐུབ་པའི་རང་ཚོད་དང་། ཡིད་ཆེས་ཅི་ཡང་མེད་པའི་འཁོར་རྒྱང་ཞིག་ཀྱང་དེ་ནས་ཡིན།

གྲོགས་པོ། སང་ཉིན་ཡང་འབྱུང་རྒྱུ་ཡི་མདུན་ལམ་ཡིན་དེ་ལས་རིང་མི་ལོ་དང་ཟླ་བ་ནི་ལྟ་ཅི་སྨྲོས། དངོས་ནས་མ་འོངས་མདུན་ལམ་འོད་མདངས་ཅི་ཡང་མ་ཕོག་པའི་ནག་ཁུང་ཞིག་འདྲ་ལ། ལུང་མི་ཕྲན་ལམ་ཞིག་ཀྱང་ཆེས་ཤིན་ཏུ་འདྲ།

གྲོགས་པ། མདུན་ལམ་ཞེས་པ་དེ་འབྱུང་རྒྱུ་ཡི་བྱ་སྤྱོད་ཙམ་གྱི་དུས་ཕྲན་ཞིག་ཡིན་ཏེ་འདི་ནི་གསར་གྱི་ཐེག་པ་ཞིག་དང་འདྲ་བ་ནི་ཁོ་བོའི་སེམས།

གྲོགས་པོ། འབྱུང་རྒྱུ་ཡི་བར་སྐབས་ཆུང་ཆུང་དེ་ནས་སྐྱོ་ལྷོང་ལྷོང་གི་མིག་ཆུ་ཞིག་སྐྱེ་སྲིད་ཅིང་། སྐྱོ་ལྷང་ལྷང་གི་འཚོར་བ་ཞིག་སྐྱེ་སྲིད་ལ། སྐྱོ་ལྷོང་ལྷོང་གི་དབྱུག་རིང་ཞིག་ཀྱང་གཏང་དགོས་སྲིད།

གྲོགས་པོ། འབྱུང་རྒྱུ་ཡི་དུས་ཕྲེང་དེ་ནས་བསྒྲུབ་རྒྱུ་ཡི་བདེ་ཕེབས་ཡོངས་ནི་རང་ཅག་གི་གོམ་ཚུལ་དེ་ལ་བརྟེན་ཡོད་ཀྱི་སེམས་ཀྱི་སྣང་བ་ཞིག་ལའང་བརྟེན་ཡོད།

གྲོགས་པོ། ད་ཆ་མྱ་ངམ་ཐང་ལ་སླེབས་པའི་བྱེའུ་ཕྲུག་བཞིན་སྐྱབས་མེད་མགོན་མེད་དུ་ལུས་སོང་ལ་རོགས་མེད་པའི་འཁོར་རྐྱང་གི་འཚོ་བ་ཞིག་ཀྱང་བསྐྱོད་དགོས་བྱུང།

གྲོགས་པོ། འོན་ཀྱང་བསིལ་ཟིལ་ཟིལ་གྱི་མཚན་མོ་ཞིག་ནས་ལྟ་དུས། ཟླ་བ་ནི་ཤིན་ཏུ་དཀར། ཟླ་འོད་ཀྱིས་འབྱུང་རྒྱུ་ཡི་མདུན་ལམ་དེ་ནས་བདེ་སྐྱིད་ཀྱི་ས་བོན་ཞིག་དང་། མདུན་ལམ་གསར་པའི་སྒྲོན་མེ་ཞིག་ཀྱང་བསྐྲུན་ཐུབ་ན་སྙམ་པའི་དྲན་པ་ཞིག་སྐྱེས།

ཨ་མ་ལགས། ངས་ཁྱེད་དྲན་བྱུང། དངོས་གནས་ཁྱེད་དྲན་བྱུང་དྲན་སྡུག་གི་མིག་ཆུ་ལྷན་དུ་འདི་ལྟར་ཞིག་ལྟ་ན་འདོད།


ཨ་མའི་བྱམས་བརྩེ་ཡིད་ལ་འཁོར་བའི་གཏམ།

ཨ་མ་ལགས། ངས་ཁྱེ་དྲན་ནས། ད་ནངས་དང་ད་ལོ་དགོས་མིན་པར་གཏན་དུ་དྲན་གིན།

ཨ་མ་ལགས། ཁྱེད་ཀྱི་ཁོ་བོ་ལ་མདུན་ལམ་གསར་པའི་འོད་སྣང་ཞིག་སྐྲུན་སོང་ལ། ད་དུང་སེམས་གཏིང་གི་བསླབ་བྱ་ཡང་གནང་བྱུང།

ཨ་ལ་ལགས། ངས་ཁྱེད་ཀྱིས་གནང་བའི་བཀའ་སློབ་བསླབ་བྱ་སོགས་དྲན་པ་དང་། ལྷན་དུ་ཁྱེད་ཀྱི་གཟུགས་དབྱིབས་ཡིད་ལ་འཆར་སྐབས་མིག་མཐའ་མཆི་མས་ཁེངས་ནས་མིག་ཆུ་དོག་པ་ཆད་དུ་མེད་པར་རྣ་རྩེ་ནས་ལྷུང་སོང་།

ཨ་མ་ལགས། དགོང་གའི་ཉལ་བའི་དུས་ལ་ཡང་ཁྱེད་དྲན་བྱུང་། མཚན་མོར་རྨི་ལམ་དུ་ཡང་ཁྱེད་ཉིད་བཏང་བྱུང། ཞོགས་པ་ལངས་པའི་དུས་ལ་ཡང་ཁྱེད་ནི་ཡང་ཡང་དྲན་གིན།

ཨ་མ་ལགས། ཁུ་སིམ་སིམ་མཚན་མོ་ཞིག་ནས་ངས་ཟླ་འོད་ཀྱི་འོག་ནས་ཨ་མ་ཁྱེད་དྲན་པའི་སྙིང་གཏམ་གྱི་ཡིག་འབྲུ་ཆུང་ཙམ་ཞིག་བྲིས་པ་ཡིན།

ཨ་མ་ལགས། ཁོ་བོ་ཁྱེད་དང་བྲལ་ནས་ད་བར་སེམས་གཏིང་ནས་བསྐྱུར་དཀའ་བའི་བའི་དྲན་པ་ནི་ཨ་མ་ཁྱེད་དྲན་པ་དེ་ཡིན།

ཨ་མ་ལགས། བདག་གི་སེམས་གཏིང་ནས་བརྗེད་རྒྱུ་མེད་པའི་རྡོག་རྡོག་ནི་ཁྱེད་ཉིད་ཡིན།

ཨ་མ་ལགས། ཁྱེད་ནི་ང་ཡི་ཡོད་ཚད་ནས་ཡོད་ཚད་ཡིན་པས་ཁྱེད་སྐུ་ཚེ་བརྟན་གྱུར་ཅིག།།

ཟླ་བ་ཁྱེད་ཀྱིས་ཨེ་མཐོང་། ཕ་ཡུལ་གྱི་མཛེས་ཤིང་ཡིད་དུ་འོང་བའི་རྩ་་ཐང་དང་སྤང་ལྗོངས།

ཟླ་བ་ཁྱེད་ཀྱིས་ཨེ་མཐོང་། ཕ་ཡུལ་གྱི་དཀར་ཞིང་གསལ་བའི་གངས་རི་དང་ཁ་བ།

ཟླ་བ་ཁྱེད་ཀྱིས་ཨེ་མཐོང་། ད་དུང་། ཕ་ཡུལ་གྱི་རྩི་ཤིང་དང་ནགས་ཚལ།

ཟླ་བ་ཁྱེད་ཀྱིས་ཨེ་མཐོང་། ཕ་ཡུལ་གྱི་གཏེར་ཁ་དང་རྩ་ཆེན་གྱི་ཆོས་ལུགས་དང་རིག་གཞུང་།

ཟླ་བ་ཁྱེད་སེམས་སྐྱོ་སོང་། དེ་དག་རྒྱ་གཞུང་གིས་རྩ་མེད་དང་རང་དབང་མེད་པ་བཟོ་བ་དེ་ལ།

ཟླ་བ་ཁྱེད་སེམས་སྐྱོ་སོང་། རྒྱ་གཞུང་གི་དེ་དག་བཙོག་པ་དང་ནག་ལྷོག་གེ་བཟོ་བ་དེ་ལ།

ཟླ་བ་ཁྱེད་ཀྱིས་ཨེ་མཐོང་། ཕ་ཡུལ་གྱི་གསེར་དང་། དངུལ། ཟླ་བ་ཁྱེད་སེམས་སྐྱོ་སོང་། རྒྱ་གཞུང་གི་རང་ཡུལ་ཕྱོགས་ནས་དེ་དག་འཁྱེར་བ་དེ་ལ།

བསྟོད་ཚིག་རྒྱལ་བའི་རྗེས་དྲན།

སྐུ་ནི་མཚར་བས་ཉིན་འབྱེད་དབང་པོ་བཞིན།།
གསུང་གི་བདུད་རྩིས་འགྲོ་ཀུན་ཚིམ་པར་མཛད།།
ཐུགས་རྗེའི་དྲོད་ཀྱིས་འགྲོ་ཀུན་བུ་བཞིན་སྐྱོང།།
ཕྱག་ན་པདྨོའི་མཛད་འཕྲིན་འོད་ཀྱིས་ཁྱབ།།

ཐུགས་རྗེའི་རྟ་བདུན་དབང་པོ་མཁའ་དབྱིངས་མཛེས།།
གཞན་ཕན་མཛད་འཕྲིན་སྐར་ཚོགས་འཁྱུག་སེ་འཁྱུག།།
མཁྱེན་པའི་ཆུ་གཏེར་འདུལ་བྱའི་གསོས་སུ་བསྐྱིལ།།

ལྡན་མ་ཡེ་ཤེས་དོན་ལྡན། ཕར་ཕྱིན་ལོ་རིམ་གསུམ་པ།

བསྟོད་ཚིག་ཞི་བདེའི་སྒྲ་དབྱངས།

འཛམ་གླིང་ཞི་བདེའི་གཏེར་མཛོད་ཆེན་པོ་རུ།།
མངའ་གསོལ་འཕགས་མཆོག་སྤྱན་རས་གཟིགས་དབང་ཁྱེད།།
ཆེ་རྒུ་དབྱིག་གི་དབུས་ན་ནོར་བུ་བཞིན།།
ཀུན་གྱི་གཙུག་གི་རྒྱན་དུ་བཀུར་འདིར་མཚར།།

སྐུ་ནི་མཚན་དཔེའི་དཔལ་གྱིས་རབ་ཏུ་བརྗིད།།
གསུང་ནི་བདག་ཅག་རྨོངས་པའི་མུན་པ་སེལ།།
ཐུགས་ནི་བྱམས་བརྩེའི་འགྲོ་ཀུན་བུ་བཞིན་སྐྱོང།།
འཇིག་རྟེན་མིག་གཅིག་༸གོང་ས་ཆེན་པོར་འདུད།།

དད་གསུམ་མེ་ཏོག་འཛུམ་དཀར་ཁྱོད་ལ་ངོམས།།
ཀུན་ཁྱབ་ཁྱབ་བརྡལ་ཀུན་ཏུ་དགོངས་ཀློང་དུ།།
ཡུལ་ཁམས་དྲུག་གི་སྐྱབས་གནས་བྱང་ཆུབ་ཁྱོད།།
སེམས་ཅན་ཐུགས་བསྐྱེད་རྡོ་རྗེའི་དམ་བཅའ་ལས།།
སྤྲུལ་པའི་ཞི་བདེ་འཛམ་གླིང་ཡོངས་ལ་ཁྱབ།།
མཚན་དཔེའི་པདྨ་མདོ་སྨད་ཡུལ་ནས་བཞད།།
བསྟན་པའི་ཤཀྱཱ་ལུགས་ཀྱི་བདག་པོ་བཟུང།།
འགྲོ་དྲུག་ཡུལ་ལ་ཕན་བདེའི་དགའ་སྟོན་བགྲང་།།
གསུངས་པའི་ངག་སྒྲ་གླིང་བཞིའི་མཐའ་ལ་ཁྱབ།།
སངས་རྒྱས་དབུས་ནས་ལྷ་ཡི་གསུངས་པ་དང།།
གཟའ་སྐར་ཁྲོད་ནས་ཉིན་བྱེད་གཞོན་ནུ་བཞིན།།
སྐྱེས་ཆེན་བྱེ་བའི་གྲལ་ནས་མངོན་འཕགས་པ།།
ཉིན་མཚན་བསྐལ་པ་རྒྱ་མཚོར་བརྟན་པར་བཞུགས།།
རྡོ་རྗེ་བརྗིད་པའི་ངག་གི་བཟི་བྱིན་རྒྱས།།
ངག་གི་དབང་བསྐུར་མདོ་སྔགས་རྟག་ཏུ་གསུངས།།
བདེ་སྟོང་དབྱེར་མེད་ཐུགས་ཀྱི་ཏིང་འཛིན་གསལ།།
གསང་གསུམ་མཛད་པ་མཐར་ཕྱིན་བཀྲ་ཤིས་ཤོག །

འཛིན་གྲྭ་ཕར་ཕྱིན་ལོ་རིམ་གསུམ་པ། སྟག་ཚང་རིན་ཆེན་བཟང་པོ།

༸གོང་ས་མཆོག་གི་བསྟོད་པ།

རིགས་རང་བཞིན་བརྗོད་པ།
གསུམ་ལྡན་ངུར་མྲིག་རབ་བྱུང་སྐུ་མངའ་ཞིང་།།
ཕན་བདེའི་གསུང་བཟང་འཛམ་གླིང་ཡོངས་ལ་ཁྱབ།།
མཁྱེན་བརྩེ་ཟླ་མེད་ཟབ་ཡངས་ཐུགས་ཡངས་པ།།
༸རྒྱལ་དབང་སྐུ་ཕྲེང་ན་རིམ་གུས་པས་འདུད།།

བྱ་བ་རང་བཞིན་བརྗོད་པ།།
སྐྱེ་འགྲོའི་དོན་ཕྱིར་འཛམ་གླིང་ཀུན་ལ་བྱོན།།
འཛམ་གླིང་ཞི་བདེར་ཕན་ཕྱིར་ཆོས་འཁོར་སྐོར།།
མི་རིགས་ཆོས་ལུགས་གཅིག་ཏུ་མཐུན་པར་སྒྲིལ།།
ཞི་བདེའི་དེད་དཔོན་མཆིག་གི་མཛད་རྣམ་མཚར།།

ཡོན་ཏན་རང་བཞིན་བརྗོད་པ།
ཐུགས་རྗེའི་དབང་གིས་སྐྱེ་འགྲོའི་སྡུག་ཀུན་སེལ།།
གསུང་དབྱངས་ཐོས་པས་ཞི་བདེའི་ཚོར་ཤུགས་སྦྱིན།།
མཛེས་སྐུ་མཇམ་བས་ལུས་ཀྱི་བ་སྤུ་གཡོ།།
མཚན་ཙམ་ཐོས་པས་བདེ་སྦྱིན་གངས་ཅན་མགོན།།

རྫས་རང་བཞིན་བརྗོད་པ།
མི་འཇིགས་གསེར་ཁྲི་མངོན་པར་མཐོ་བའི་སྟེང་།།
ཞྭ་སེར་ངུར་སྨྲིག་གོས་བཟང་མཛེས་པར་ཀླུབས།།
ཕྱག་མཚན་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།།
ལྷ་གཅིག་གངས་ཅན་མགོན་ཁྱེད་ཞབས་བརྟན་ཤོག །

ཀ་རྩོམ་སེམས་ཀྱི་འཆར་སྒོ།  
ཀ་མད་གསར་དུ་མཛད་པོ་ཐོན་མི་དང་། །
ཁ་བསླབ་སྒྲ་དག་སློབ་པའི་བཤེས་གཉེན་སྟེ།།
ག་ནས་བལྟས་ཀྱང་བཀའ་དྲིན་བསམ་བཞིན་དུ།།
ང་ཡི་ལུས་ངག་ཡིད་ཀྱིས་གུས་པས་འདུད།།

ཅ་ཅོ་འདུ་འཛིས་དབེན་པའི་སྨད་རྒྱུད་འདིར།།
ཆ་ལུགས་ངུར་སྨྲིག་སྡོམ་གཙང་དགེ་འདུན་སྡེ།།
ཇ་བཏུང་འདོན་ཡོན་སྲེད་ལ་མ་ཆགས་པར།།
ཉ་མོ་བྲེལ་བཞིན་གཞུང་ལུགས་བཤད་སྒྲུབ་བརྩོན།།

ཏྭ་ལའི་བླ་མའི་བཀའ་དགོངས་ཇི་བཞིན་དུ།།
ཐ་ཤལ་སྤྱོད་ངན་སྤངས་ཏེ་བཀའ་བཞིན་སྒྲུབ།།
ད་ཆ་ཐོས་བསམ་ལལ་ལ་གཞོལ་དུས་འདིར།།
ན་གཞོན་དད་དང་བརྩོན་འགྲུས་ཟུང་འབྲེལ་དགོས།།

པ་ཏྲའི་དབྱིབས་ལྟར་ཁོར་ཡུག་དབེན་གནས་སུ།།
ཕ་ཡུལ་ལས་འདས་་མི་རིགས་སྣ་ཚོགས་ཀྱི།།
བ་མོ་ལྟར་མིན་མཛའ་མཐུན་རབ་བརྟན་པས།།
མ་ལུས་བཟའ་བཏུང་ཚོར་བར་མཉམ་དུ་རོལ།།

ཙ་རི་བསྐོར་ནས་ཡོང་བའི་གྲྭ་གཞོན་རྣམས།།
ཚ་བས་གདུང་བའི་ངལ་དུབ་ཆེ་ན་ཡང་།།
ཛ་དྲག་གནས་ཏེ་སྙིང་སྟོབས་ཞུམ་མེད་ཀྱིས།།
ཝ་འུར་སྒྲོགས་པའི་སློབ་གཉེར་ཁོ་ནར་བརྩོན།།

ཞྭ་སེར་བསྟན་པའི་གསང་སྔགས་ཟབ་མོ་འདི།།
ཟ་ཟིང་འདུ་འཛིས་དབེན་པའི་གནས་མཆོག་འདིར།།
འ་ཅག་སྟོན་པའི་རྗེ་འཇུག་དོན་ཡོད་མཛོད།།
ཡ་རབས་ལྟ་སྤྱོད་གཙང་མའི་ཆོས་གླིང་འདིར།།

ར་བ་ལྕགས་རིས་བསྐོར་བའི་ཁོར་ཡུག་མཛེས།།
ལ་ནང་རྩི་ཤིང་མེ་ཏོག་སྣ་ཚོགས་བཅས།།
ཤ་བ་བཞིན་དུ་ཁེར་རྐྱང་ཞེན་ཆགས་བྲལ།།
ས་ཕྱོགས་གང་སར་དྲི་བཟང་ཆུ་སྐྱེས་བཞད།།

ཧ་ཅང་གཅེས་པའི་གསང་སྔགས་བསྟན་པ་ཡི།།
ཧ་ལས་བཤད་སྒྲུབ་དར་རྒྱས་སྨད་རྒྱུད་འདི།།
ཨ་ཧོ་བསྟན་འདི་ཕྱོགས་ཀུན་ཁྱབ་གྱུར་ཅིག།།
ཨ་ཙི་ནོར་འཁྲུལ་མཆིས་ན་དགོངས་གསོལ་ཞུ།།

བློ་བཟང་ཕན་བདེ། ཕར་ཕྱིན་ལོ་རིམ་གསུམ་པ།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)