དེ་ནས་བརྒྱུད་འདེབས་ལས། ༡༧

༼བྱང་ཆོས་དང།དགའ་ལྡན་ཁྲིར་ཕེབས།༽

དཔལ་ལྡན་བློ་གྲོས་མཚུངས་མེད་བང་མཛོད་ནས།།
མདོ་རྒྱུད་རྒྱ་མཚོའི་དགོངས་དོན་ཡིད་བཞིན་ནོར།།
ཐར་འདོད་ཡོངས་ལ་ཚུལ་བཞིན་འདོམས་མཛད་པའི།།
སྨྲ་བ་ཟླ་མེད་ཞབས་ལ་གསོལ་བ་འདེབས།།

ཞེས་འབྱུང་བ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་ཁྲིར་ཆོས་རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ཕེབས་པ་ཡིན་ཏེ།དམ་པ་འདི་ནི་ཕྱི་ལོ་༡༥༤༦ལོར་སྟག་ལུང་བྲག་ཏུ་སྐུ་འཁྲུངས།སྐྱོར་མོ་ལུང་དུ་རབ་ཏུ་བྱུང།སྒོ་མང་གུང་རུ་ཆོས་འབྱུང་ལས་གཞུང་བཀའ་ཆེན་རྣམས་གསན།མདོ་རྒྱུད་ལ་མཁས་པར་གྱུར།གསང་ཕུ་ར་བ་སྟོད་དང་སྨད་རྒྱུད་པའི་འཆད་ཉན་པ་མཛད།གཞན་ཡང་སྐྱོར་མོ་ལུང་དང་གསང་སྔགས་མཁར་བྱང་རྩེ་སོགས་ཀྱི་བླ་མར་ཕེབས།

བྱང་རྩེ་གྲྭ་ཚང་གསར་དུ་བཙུགས་ཏེ་ཐོས་བསམ་གླིང་དུ་བཏགས།སྐྱོར་མོ་ལུང་གི་བཤད་གྲྭ་རྒྱུན་ཆད་པ་ཡང་རྗེ་འདིས་སྔར་རྒྱུན་ལྟར་སོར་ཆུད་པར་མཛད།བདུན་ཅུ་པ་ཤིང་ཡོས་༡༦༡༥ལ་དགའ་ལྡན་གྱི་ཁྲིར་ཕེབས།ཆོས་འཁོར་བསྐོར་ཞིང་རྗེ་བླ་མའི་ལམ་རིམ་ཆེ་ཆུང་སོགས་ཀྱི་བརྒྱུད་པར་བཞུགས་པ་གསན་ཡིག་གངྒའི་ཆུ་རྒྱུན་དུ་གསལ་བ་ལྟར་ཡིན།དོན་གསུམ་པ་ས་རྟ་ལ་གཤེགས་པའི་དངུལ་གྱི་མཆོད་རྟེན་བློས་བསླང་གི་གཡོན་ཕྱོགས་སུ་བཞུགས་ཤིང་དུས་མཆོད་ཀྱང་བཟང་ངོ་།།འདིས་གདན་རབས་སོགས་གསུང་རྩོམ་འགའ་ཞིག་ཡོད་འདུག

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)