༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༠༡ ཚེས་ ༠༥ ཉིན་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་གོ་སྒྲིག་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་གི་ཟབ་སྦྱོང་ཐེངས་དགུ་པ་ཡི་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་རྗེ་བཙུན་ཐུབ་བསྟན་རབ་རྒྱས་ལགས་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕྱག་བཅས་ཕུལ་རྗེས་བཞུགས་གྲལ་དུ་འཁོད་མཚམས། ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མ་རྟ་དབྱངས་ཐོག་གསུང་འདོན་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས།
དེ་ནས་དགེ་ཆེ་སྔགས་རམས་པ་དགེ་ཡོན་ཏན་ནོར་བུ་ལགས་ནས་ཟབ་སྦྱོང་ངོ་སྤྲོད་དང་འབྲེལ་བའི་ཐོག་ལ་གསུང་བཤད་གནང་རྗེས། གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་སྔགས་རམས་པ་དགེ་བསོད་ནམས་དངོས་གྲུབ་ལགས་ནས་ལས་འཆར་དང་འབྲེལ་བའི་སྐོར་གསུང་བཤད་གནང་། སྐུ་མགྲོན་གཙོ་བོ་ནས་ཚེ་འདི་ཕྱི་གཉིས་ལ་ཕན་པའི་ལམ་སྟོན་གསུང་བཤད་གནང་བ་དང་། དྲུང་ཡིག་དགེ་དབུ་རྒྱན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། མཐར་དགེ་ལས་སློབ་ཕྲུག་ཡོངས་སྐུ་མགྲོན་དང་ལྷན་པར་བསྒྲོན་ཏེ་མཛད་སྒོ་ལེགས་པར་གྲོལ།
ཟླ་གཅིག་གི་ཟབ་སྦྱོང་འདི་བཞིན་བོད་ཁྱིམ་སློབ་གྲྭའི་དགུན་ཁའི་གུང་སེང་དང་སྟབས་བསྟུན་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཟླ་གཅིག་གི་དུས་ཡུན་རིང་འཛིན་རིམ་ ༨ ནས་ ༡༠ པའི་སློབ་ཕྲུག་རྣམས་ལ་ནང་ཆོས་སློབ་ཚན་དུ་ཡོན་ཏན་གཞི་གྱུར་མ། རིགས་ལམ་སློབ་ཚན་དུ་བློ་རིག །དེ་བཞིན་སྐད་ཡིག་སློབ་ཚན་དུ་རྟགས་འཇུག་དང་སུམ་ཅུ་པ། དེ་བཞིན་འཛིན་རིམ་ ༥ ནས་ ༧ བར་གྱི་སློབ་ཕྲུག་རྣམས་ལ་ནང་ཆོས་སློབ་ཚན་དུ་སྐྱབས་གསུམ་དང་ལས་འབྲས། རིགས་ལམ་སློབ་ཚན་དུ་བསྡུས་ཆུང་། སྐད་ཡིག་སློབ་ཚན་དུ་ལེགས་བཤད་ལྗོན་དབང་དང་དག་ཡིག་ཅི་རིགས་བཅས་སློབ་ཁྲིད་གནང་གི་ཡོད་པ་བཅས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་བཤུས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༠༥ ལ།
