༄༅། །འདི་ག་དཔལ་ལྡན་སྨད་རྒྱུད་པའི་སྔགས་རམས་པ་སྐུ་བགྲེས་མཚན་ཐོ་དང་པོ་དགེ་ཐུབ་བསྟན་རྡོ་རྗེ་དམ་པ་དེ་ཉིད་བར་སྐབས་ནས་སྐུ་ཁམས་ཅུང་མི་བདེ་བ་བྱུང་སྟེ་མཐར། དགུང་གྲངས་ ༩༡ ལ་སོན་པར་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་
གནས་ཚུལ་བྱུང་སོང། དེ་ཡང་བོད་རྒྱལ་ལོ་ ༢༡༥༣ བོད་ཟླ་ ༠༡ ཚེས་ ༢༣ དང་སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༠༣ ཚེས་ ༡༡ རེས་གཟའ་ལྷག་དཀར་ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༡༠།༤༧ ལ་སྐུའི་བསྙུང་གཟེར་སོགས་གང་ཡང་མེད་པར་ཞི་ལྷོད་ངང་སྐུ་ཞི་བར་གཤེགས། ལྷག་པར་དུ་གོང་ཚེས་ ༡༡ ནས་བདུན་ཕྲག་གཅིག་རིང་སྐུ་ཕུང་ལ་དྲི་མ་མེད་ཅིང་སྐུ་མདངས་མི་ཉམས་པར་སྔར་རྒྱུན་ལྟར་རང་སོར་གནས་པ་སོགས་རྟགས་དང་མཚན་མ་བྱུང་སྟེ། ཐུགས་དམ་ལ་བཞུགས་པར་འབྲེལ་ཡོད་ཀུན་གྱིས་དབང་པོའི་སྤྱོད་ཡུལ་དུ་མཇལ་ཞིང་དད་མོས་ལྷག་པར་འཕེལ་བའི་ཚུལ་བྱུང་། སྤྱི་ཚེས་ ༡༨ འདིའི་སྔ་དྲོ་ཕྱག་ཚོད་ ༥།༣༠ ཐོག་འདུས་མང་གིས་གསང་འདུས་རྩ་རྒྱུད་གསུང་བཞིན་དུ་དམ་པའི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཕུལ། དམ་པ་འདི་འཁྲུངས་ཡུལ་སྨར་ཁམས་དང་འོད་ཟེར་དགོན་པར་ཆོས་ཞུགས་གནང་། སྤྱི་ལོ་ ༥༩ སྔོན་ལ་ལྷ་སར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་ལ་ཞུགས་ཏེ་དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱིས་དབུས་གསང་སྔགས་གཞུང་ཆེན་གསན་བཞེས་དང་། ཆོ་ག་ཕྱག་ལེན་སོགས་ལ་སློབ་གཉེར་ཚུལ་བཞིན་མཛད་མུར། ༥༩ ལོར་ཌལ་ཧོར་ནས་ཧུན་སུར་གཞིས་ཆགས་སུ་འདུས་མང་དང་ལྷན་དུ་ཕེབས་ཏེ་བསླབ་གསུམ་ཉམས་བཞེས་ཚུལ་བཞིན་མཛད་པ་ཙམ་མ་ཟད། རྡ་ས་ཀྲུ་ཤི་ཏ་ཆོས་ཚོགས་སོགས་སུ་དོན་གཉེར་ཅན་དུ་མར་གང་ལ་གང་འདུལ་གྱི་གཞན་ཕན་གྱི་བྱ་བའང་མང་དུ་མཛད་ཡོད་པ་བཅས་ཏེ་སྐབས་འབྲེལ་ཁོང་གི་མཛད་རྣམ་ཤིན་ཏུ་སྙིང་བསྡུས་དང་བཅས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་འདུས་སྤྱིའི་ལས་ཁང་ནས་སྤྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༡༨ ལ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༣།༡༩།ལ།

