གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་ཆེན་མོའི་རྒྱུད་ཀྱི་ཊཱིཀྐའི་དགུན་ཆོས་ཆེན་མོ་སྐབས་གཉིས་པ་དེ་བོད་རྒྱལ་ལོ་༢༡༤༩ཟླ་༡༡ཚེས་༢༦དང་སྤྱི་ལོ་༢༠༢༣ཟླ་༠༡ཚེས་༡༨ནས་དབུ་འཛུགས་གནང་འདུག །
དེ་ཡང་བོད་ཟླ་ ༢ ཚེས་ཤར་ནས་འཕན་པོ་ཞོགས་ཆོས་ཐོག་གི་དུས་སུ་མཁན་པོ་གསར་བཞེངས་ཡིན་ན་རང་གིས་དགོངས་གཅོད་ཀྱིས་ཚེས་ ༦ གི་གོང་ཚེས་ཆ་གང་བཟང་ཞིག་ལ་བླ་མ་རྒྱུད་མཆོད་མཛད་ནས་འགྲེལ་པ་བཞི་སྦྲགས་འཆད་པའི་དབུ་འདི་ནས་འཛུགས་དགོས་པ་ཡིན་ལ། བོད་ཟླ་ ༢ ཚེས་ ༡༢ ཉིན་བླ་མ་རྒྱུད་མཆོད་སྒྲིག་ཡིག་ཆེན་མོ་ལྟར་གནང་། བླ་མ་གསར་བཞེངས་ཀྱི་ལོ་མིན་ན་ཚེས་དྲུག་གི་བསླབ་གྲལ་ནས་རྒྱུད་འགྲེལ་བཤད་པ་དང་། རྒྱུད་ཊཱིཀ་ལེའུ་དང་པོ་དང་གསང་བ་འདུས་པའི་བསྐྱེད་རིམ་བརྩི་བཞག་རྣམས་དབུ་འཛུགས་གནང་དགོས་ཤིང་།
དེ་ནས་བཟུང་སྟེ་ཆོས་ཐོག་རྣམས་སུ་ཊཱིཀྐའི་བརྩི་བཞག་གམ་བཤད་པ་གནང་སྟེ། བོད་ཟླ་ ༨ ཚེས་ ༢༧ ཉིན་ལོ་འདིའི་རྒྱུད་འགྲེལ་ཆེན་མོའི་བཤད་པ་རྫོགས་པ་ཡིན་ཞིང་། ཕྱིར་མིག་ལུང་དུ་དབྱར་ཆོས་ཀྱི་རྒྱུད་འགྲེལ་གྱི་འཆད་ཉན་ཟིན་པས་གཏང་རག་གི་བླ་མ་རྒྱུད་མཆོད་སྐབས་གཞན་གོང་ལྟར་ལ་མཎྜལ་ཕུལ་རྗེས། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ་གསུངས། དེ་ནས་རྒྱུད་འགྲེལ་དབང་བསྐུར་བའམ་རྒྱུད་གཏད་པའི་ཚུལ་ནི། དགེ་འདུན་གསུམ་གསུམ་གྱིས་སྐུ་ཕྱག་གསུམ་རེ་ཕུལ་ཏེ། རྡོར་སློབ་ཀྱིས་རྒྱུད་འགྲེལ་ཕྱག་ཏུ་བཞེས་ནས། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་བཟུང་ཞིག །ཅེས་བཀའ་བསྒོས་ཏེ་རྡོ་རྗེ་སློབ་མ་རྣམས་ཀྱིས་ཀྱང་རྡོ་རྗེ་འཆང་དངོས་ཀྱིས་བཀའ་བསྒོ་བར་མོས་ནས་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས། དེ་བཞིན་དུ་བགྱིའོ། །ཞེས་ཁས་བླང་སྟེ་རིམ་བཞིན་སྒོ་འཕྱོར་འོག་ཏུ་སྒྱུ་ལུས་བསྟོད་པ་གསུང་དུ་ཕེབས། དེ་ནས་རྡོ་རྗེ་སློབ་དཔོན་ལ་གཏང་རག་མཆོད་བསྟོད་དང་སྨོན་ལམ་དང་ཤིས་བརྗོད་བྱེད་པ་ཡིན་ནོ། །
ཊཱིཀྐའི་དགུན་ཆོས་ཆེན་མོ་ནི་རྒྱ་གར་དུ་ལོ་གཅིག་གཉིས་ཀྱི་གོང་ནས་འགོ་བཙུགས་གནང་བ་ཡིན་ཞིང་། ཆོས་ཐོག་འདིར་ཊཱིཀྐའི་དཔེ་ཁྲིད་དང་ཊཱིཀྐའི་རྩོད་པ་དང་དམ་བཅའ་སོགས་ཚོགས་དགོས་པ་ཡིན་ནོ། །