བདུད་བཏུལ་བའི་མཛད་པ།

བདུད་བཏུལ་བའི་མཛད་པ།

དེ་ཡང་བདུད་སྡིག་ཅན་ལ་རྒྱལ་མཚན་གཉིས་ཡོད་དེ། དགའ་བའི་གནས་དང་དོགས་པའི་གནས་སོ། །དེ་ལ་སྐབས་དེར་དོགས་པའི་རྒྱལ་མཚན་གཡོས་པས། བདུད་སྡིག་ཅན་གྱིས་བརྟགས་པ་ན། བྱང་ཆུབ་སེམས་དཔའ་རྡོ་རྗེའི་གདན་ལ་

བཞུགས་པ་མཐོང་ནས། བར་ཆད་བྱ་བའི་ཕྱིར་དུ་སྐྲ་འཛིངས་ཤིང་ཤ་ནའི་གོས་ཀྱིས་སྨད་གཡོགས་པའི་འཕྲིན་པ་ཞིག་སྤྲུལ་ནས་རིངས་རིངས་སྐད་དུ་གྲོང་ཁྱེར་སེར་སྐྱ་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ནི་ཁ་བཏགས་ན། ཁྱོད་ཅིའི་ཕྱིར་གནས་བཏབ་སྟེ་འདུག་ཅེས་སྨྲས་པ་ན། དེར་ཐུགས་ལ་འདོད་པ་ལ་འདུན་པ་དང་གནོད་སེམས་དང་རྣམ་པར་འཚེ་བ་སྟེ་མི་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱེས་ན། དེ་བདུད་ཀྱི་དཀྲུགས་མར་མཁྱེན་ནས་དགེ་བའི་རྟོག་པ་གསུམ་གྱིས་ཟིལ་གྱིས་མནན་པ་དང་། དེ་ནས་བདུད་སྡིག་ཅན་གྱིས་བསྐུལ་ཏེ་བདུད་ཉིད་ཀྱི་བུ་མོ་སྲེད་མ་དང་། དགའ་བྱེད་མ་དང་། དགའ་སྤྱོད་མ་རྣམས་མངགས་ཏེ། དེ་རྣམས་ལྷའི་བུ་མོའི་མཆོག་ཡིན་ལ། བུད་མེད་ཀྱི་གཡོ་སྒྱུ་རྣམས་སྟོན་པར་བརྩམས་པ་ན། དེ་དག་རྒན་མོར་འགྱུར་བར་བྱིན་གྱིས་བརླབས། ཕྱིས་སྟོན་པ་ལ་མོས་པ་བསྐྱེད་པས་གྲོལ་ལོ། །

ཡང་བདུད་སྡིག་ཅན་གྱིས་བདུད་ཀྱི་རིགས་ཀྱི་འབྱུང་པོ་ཐམས་ཅད་སྦྲན་ཏེ། བདུད་ཀྱི་དཔུང་ཆེན་པོ་གདོང་དང་གཟུགས་སྣ་ཚོགས་པ་དང་། མཚོན་ཆ་སྣ་ཚོགས་པ་འཛིན་པ་དཔའ་ཞིང་གཏུམ་ལ་མི་བསྲུན་པ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་སྔོན་དུ་བདས་ཤིང་། བདུད་སྡིག་ཅན་རང་ཉིད་ཀྱིས་ཀྱང་མདའ་གཞུ་རྣ་བའི་བར་དུ་བཀང་སྟེ་འོངས་ནས་བྱང་ཆུབ་སེམས་དཔའི་མཐའ་བསྐོར་ཏེ་འདུག་པར། བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་འབྱུང་པོ་རྣམས་ཀྱིས་མཚོན་ཆ་འཕངས་པ་དག་ནི་ཨུཏྤལ་དང་པདྨ་ལ་སོགས་པར་གྱུར། རི་འཕངས་པ་ནི་མེ་ཏོག་གི་ཁང་བརྩེགས་སུ་གྱུར། རླུང་གདུག་པ་དང་རྡོ་ཆར་ཕབ་པ་ནི་གནས་གཙང་མའི་ལྷ་རྣམས་ཀྱིས་བསྒྲིབས། ཕྱག་དར་དང་མི་གཙང་བའི་ཆར་ཕབ་པ་ཡང་དྲི་ཞིམ་པའི་རྫས་རྣམས་སུ་གྱུར་ཏེ་བདུད་ཀྱི་གནོད་པ་ཐམས་ཅད་ཞི་བར་གྱུར་པ་དང་།

དེ་ནས་བདུད་ཀྱི་དཔུང་རྣམས་ཕྱོགས་དེ་ནས་གྱེས་ཤིང་། ཆོ་འཕྲུལ་སྣ་ཚོགས་བསྟན་ཡང་གླགས་མ་རྙེད་ཅིང་བདུད་དཔུང་མི་འཁྲུགས་པ་ཡང་འཐོར་ཏེ་ཞག་བདུན་དུ་མ་ཕྲད་པ་དང་། བདུད་མང་པོས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཡང་སྡིག་ཅན་འོངས་ཏེ། ཀྱེ་རྒྱལ་བུ་གཞོན་ནུ། བཞེངས་ལ་རྒྱལ་སྲིད་ལ་སྤྱོད་ཅིག །ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ། བཀའ་སྩལ་པ། སྡིག་ཅན། ཁྱོད་ཀྱིས་ནི་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་ཐོབ་ཏུ་ཟད་ན་སོགས་ནི་འོག་ཏུ་བརྗོད་པ་ལྟར་རོ། །

དེ་ནས་ཡང་བསམ་གཏན་གྱི་ཚེར་མ་སྒྲ་ཡིན་པས། བདུད་ཀྱི་མཐུས་བྱང་ཆུབ་ཀྱི་ཤིང་ཤེལ་ལས་གྲུབ་པར་སོང་ཞིང་། རླུང་གིས་བསྐྱོད་པས་སྒྲ་འབྱིན་པ་ན། གནས་གཙང་མའི་ལྷ་རྣམས་ཀྱིས་ལོ་མ་རེ་རེ་ནས་བཟུང་སྟེ་སྒྲ་མེད་པར་བྱས་སོ། །

འོན་ཀྱང་བདུད་དེ་དག་ད་དུང་གནས་པ་ལ་གཙང་མའི་ལྷ་དག་གིས་ཁོར་ཡུག་གི་ཕ་རོལ་ཏུ་བསྐྲད་ན། དེ་དག་གིས་རྒྱང་རིང་པོ་ནས་སྒྲ་ཆེན་པོ་ཕྱུང་བ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནོད་ཀྱིས་དོགས་ནས། ལྷ་རྣམས་ཀྱིས་དཔག་ཚད་བཅུ་གཉིས་ཀྱི་བར་དུ་ཤིང་ཀ་ཏམ་པའི་ནགས་འཐུག་པོས་བསྐོར་བར་སྤྲུལ་བ་དང་། དེ་ཐམས་ཅད་མི་སྣང་བར་སོང་ངོ་། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)