དྲྭ་ཚིགས་ངོ་སྤྲོད།

༈ དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དྲྭ་ཚིགས་འདི་ནི། གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡིག་ཚང་ངམ་ཕྱག་མཛོད་ཀྱི་འཛིན་སྐྱོང་འོག་ཏུ་ཡོད་ཅིང་དྲྭ་རྒྱའི་མིང་དང་ས་ཆ། གནོད་འགོག་མ་ལག་སོགས་ཀྱི་ཆེད་འགྲོ་སོང་གཙོ་བོ་ཁག་ཀྱང་གྲྭ་ཚང་རང་ནས་གཏོང་གི་ཡོད། རྩོམ་སྒྲིག་སོགས་ཀྱི་འགན་རྒྱུད་སྨད་དཔེ་མཛོད་ཁང་གིས་ལེན་གྱིན་ཡོད་ལ། རྩོམ་སྒྲིག་ཁང་ཡང་དཔེ་མཛོད་ཀྱི་ཡན་ལག་གི་ཚུལ་དུ་ཡོད། དེ་འབྲེལ་གྱི་འགྲོ་སོང་གང་འཚམ་ཞིག་ཀྱང་དཔེ་མཛོད་ནས་ནར་གཏོང་བྱེད་ཀྱིན་ཡོད།

དྲ་ཚིགས་འདི་ནི་གཙོ་བོ་གྲྭ་ཚང་གི་ཆོ་ག་ཕྱག་ལེན་གྱི་སྐོར་ཉར་ཚགས་དང་སྲུང་སྐྱོབ་ཀྱི་ཆེད་དུ་རྩོམ་སྒྲིག་བྱས་པ་ཞིག་ཡིན། དེ་ཡང་བོད་ཕྱི་ནང་གཉིས་སུ་ ༥༩ གོང་གི་རྒན་རབས་པ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། གྲྭ་རྒྱུན་གསར་པ་རྒྱུད་ཞུགས་ཀྱི་གྲངས་ཀྱང་ཉུང་དུ་འགྲོ་བཞིན་ཡོད་པ་འདིས་གྲྭ་ཚང་རང་གི་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་སོགས་ལ་ཉམས་ཆག་གི་ཉེན་ཁ་མཐོང་སྟེ། གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་མཐོང་བརྒྱུད་ཕྱག་ལེན་འདོན་རྟ་དབྱངས་ཁག་བརྙན་དང་སྒྲ་སོགས་སུ་ཕབ་སྟེ་དྲྭ་ཚིགས་སུ་ཉར་ཚགས་དང་སྲུང་སྐྱོབ་བྱེད་ཆེད་གསར་བསྐྲུན་བྱས་པ་ཡིན།

༢༠༡༩ ལོར་ཏྲེ་ཧོར་སྔགས་རམས་པ་བློ་བཟང་འཕྲིན་ལས་རྒྱུད་སྨད་སློབ་གྲྭའི་སློབ་སྤྱིའི་སྐབས་སུ་སྐབས་དེར་རྒྱུད་ཀྱི་ཆོས་ཐོག་འགྲིམ་བཞིན་པ་སེར་བྱེས་བསམ་དགེ་བཤེས་བྱ་གཞུང་ཀླུ་སྒྲུབ་ལ་རེ་བསྐུལ་ཞུས་ཀྱང་སྐབས་དེར་བཟོ་ཐུབ་མེད།

དེ་རྗེས་བློ་བཟང་འཕྲིན་ལས་གྲྭ་ཚང་གི་ཕྱག་མཛོད་ཀྱི་འགན་འཁུར་སྐབས་ཏེ་ཕྱག་མཛོད་དམ་སྤྱི་འགན་སྐབས་ཉེར་གཅིག་པ་ཏྲེ་ཧོར་རྒན་བློ་བཟང་ཕུར་བུ། རྒྱལ་རོང་རྒན་ཚེ་རིང་བཀྲིས། ཚ་བ་རྒན་བསྟན་འཛིན་ནོར་རྒྱས། ཚ་བ་ལ་དྭགས་བསོད་ནམས་ཕུན་ཚོགས། ཚ་བ་ཐུབ་བསྟན་རྡོ་རྗེ། ཚ་བ་ཁུ་ནུ་དབང་ཕྱུག་རྡོ་རྗེ། ཏྲེ་ཧོར་བློ་བཟང་འཕྲིན་ལས་བློ་དགའ། གསེར་ཀོང་འཇམ་དབྱངས་ཆོས་འཕེལ་བཅས་ཀྱི་སྐབས་སུ་ ༢༠༢༣ ལོར་ཡང་བསྐྱར་སེར་བྱེས་བསམ་དགེ་བཤེས་བྱ་གཞུང་ཀླུ་སྒྲུབ་ལ་རེ་བསྐུལ་བྱས་པ་ལྟར་དགེ་བཤེས་ཁོང་གིས་རྩོམ་སྒྲིག་པའི་འགན་རྐང་ལེན་གྱིས། རྒྱུད་སྨད་གྲྭ་ཚང་དུ་འོངས་ཏེ་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་བཟང་པོ་མཆོག་དང་། སྐུ་ཕྱོགས་བླ་མ་རྒན་ངག་དབང་སངས་རྒྱས་མཆོག་གི་དབུས་པའི་མཁན་བླ་ལས་སྣེ་ལྷན་འཛོམས་ཐོག་དགེ་བཤེས་ཁོང་གིས་དྲྭ་ཚིགས་ཀྱི་དགེ་མཚན་དང་སྤྱོད་སྒོ་སོགས་ངོ་སྤྲོད་བྱས་ཤིང་། མཁན་བླ་ལྷན་འཛོམས་ཐོག་དྲྭ་ཚིགས་བཟོ་སྐྲུན་གཏན་འབེབས་བྱུང་བ་ལྟར། ལོ་དེ་ལོ་འགོ་ནས་རྩོམ་སྒྲིག་གི་འགོ་བཟུང་སྟེ་དྲ་ཚིགས་དངོས་སུ་འཆར་འགོད། དྲ་ཚིགས་ཀྱི་མིང་གཏན་འབེབས། རྒྱུས་ཆ་དང་ཡིག་ཆ་འཚོལ་སྒྲུབ་སོགས་དང་། དྲྭ་ཚིགས་ཀྱི་དཀར་ཆག་གསར་བསྒྲིགས་བྱས་ཤིང་། དྲ་ཚིགས་སྒྲིག་བཟོའི་ཆེད་མཁས་པ་རྒན་ཀརྨ་ལགས་ལ་འབྲེལ་གཏུགས་བྱས་ཏེ། རྩོམ་སྒྲིག་པ་དང་། ཆེད་མཁས་པ་གཉིས་དྲ་ཐོག་ནས་འབྲེལ་གཏུགས་ཀྱིས་དྲྭ་ཚིགས་གསར་བཟོའི་ལས་འགོ་ཚུགས་པ་དང་། ལོ་དེའི་བོད་ཟླ་ལྔ་པ་ནས་རྩོམ་སྒྲིག་པ་རྒྱུད་སྨད་གྲྭ་ཚང་དུ་གནས་སྤོར་གྱིས་གསར་དུ་སྒོ་འབྱེད་བྱས་པའི་དཔེ་མཛོད་དུ་རྩོམ་སྒྲིག་གི་ལས་ཀ་མུ་མཐུད་ཅིང་། [ དཔེ་མཛོད་ཀྱི་འགན་འཛིན་སྔགས་རམས་པ་བློ་བཟང་ཡེ་ཤེས་དང་། སྔགས་རམས་པ་བཟོད་པ་གཉིས་དང་། གྲྭ་ཚང་གི་ཕྱག་མཛོད། རྒན་སྔགས་རམས་པ་བློ་བཟང་ཆོས་འཕེལ་བཅས་ལྷན་འཛོམས་ཐོག །རྒན་ཆོས་འཕེལ་གྱིས་ཆོ་གའི་སྐོར་གྱི་འཕྲུལ་དེབ་རྩོམ་སྒྲིག་དང་། དཀྱིལ་འཁོར་དང་མཆོད་རྟེན་སོགས་ཀྱི་ཐིག་རྩ་དང་བློས་བསླངས་ཀྱི་དཔེ་རིས་གསར་བསྒྲིགས། མཆོད་གཏོར་སོགས་ཀྱི་དཔེ་རིས་རྩོམ་སྒྲིག་གི་འགན་ལེན་གནང་བ་ལྟར། སྔགས་རམས་པ་རྒན་བློ་བཟང་བྱང་ཆུབ་ཀྱིས་དཀྱིལ་འཁོར་དང་མཆོད་རྟེན་སོགས་ཀྱི་ཐིག་རྩ་དང་དཔེ་རིས་བརྒྱ་ཕྲག་ལས་བརྒལ་བ་བྲིས་ཏེ། དྲ་ངོས་རྩོམ་སྒྲིག་ལ་རམ་འདེགས་དང་། ] ༢༠༢༤ ལོའི་ཟླ་ ༠༣ ཚེས་ ༢༩ ལ་དྲྭ་ངོས་ཕལ་ཆེ་བ་རྩོམ་སྒྲིག་གྲུབ་སྟེ། རྒྱུད་སྨད་དཔེ་མཛོད་ཁང་དུ་མཁན་བླ་ལས་སྣེ་འདུས་དབུས་སུ་དྲྭ་ཚིགས་དབུ་འབྱེད་གནང་།

རྩོམ་སྒྲིག་གི་སྐོར་ལ་གྲྭ་ཚང་གི་གདན་རབས་སོགས་དང་། གྲྭ་ཚང་རང་གི་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་ཀྱི་སྐོར་མང་ཆེ་བ་བརྙན་དང་སྒྲ་སོགས་སུ་ཕབ་སྟེ་དྲྭ་ཚིགས་སུ་ཉར་ཚགས་དང་། ཞོར་དུ་རང་རེའི་བཤད་གྲྭ་དང་གྲྭ་ས་ཁག་གི་མདོ་སྔགས་ཀྱི་གཞུང་ཆེན་དག་གི་འཆད་ཁྲིད་སོགས་ཏེ། གྲྭ་ཚང་སོ་སོའི་མདོ་སྔགས་ཀྱི་གཞུང་ཆེན་འཆད་རྩོད་སོགས་ཀྱི་སྐབས་ཁས་ལེན་འཛིན་ཚུལ་མི་འདྲ་བ་སོགས་ཡོད་པ་རྣམས་སྲུང་སྐྱོབ་ཀྱི་ཆེད་དུ་གཞིས་བྱེས་ཀྱི་རིས་མེད་མཁས་པའི་འཆད་ཁྲིད་སོགས་སྟོང་ཕྲག་ལས་བརྒལ་བ་ཉར་ཚགས་དང་། གསུང་རབ་སྟོང་ཕྲག་འགའ་རྩོམ་སྒྲིག་གིས་དྲྭ་ཚིགས་སུ་ཉར་ཚགས་བྱས་ཡོད།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)