ངོས་འདིར་རིས་སུ་མ་ཆད་པའི་འཕགས་བོད་ཀྱི་སྐྱེས་ཆེན་རྣམས་ཀྱིས་གནང་བའི་ཞལ་གདམས་རྣམས་ལས་ཉུང་ངུ་རེ་བཏུས་ཏེ་བཀོད་ཡོད།
ཇོ་བོ་ཆེན་པོའི་ཞལ་ནས། བྱམས་པ་དང་སྙིང་རྗེ་སྦྱོང་མི་ཤེས་པའི་བྱང་ཆུབ་སེམས་དཔའ་བོད་ཀྱིས་ཤེས། |
ཇོ་བོ་ཆེན་པོའི་ཞལ་ནས། ཡོ་བྱད་ལ་སོགས་པའི་འཚོ་སྐྱོང་གི་བྱ་བ་ལ་ཁྱིམ་པ་དང་ཁྱད་མེད་བྱས་ན་ང་དགེ་སློང་ཡིན་ཞེས་མ་སྨྲ་ཞིག ། |
ཇོ་བོ་ཆེན་པོའི་ཞལ་ནས། གནོད་པར་བྱེད་པ་ལ་ཁོང་མ་ཁྲོ། གནོད་པ་ལ་ཁོང་ཁྲོ་ན་བཟོད་པ་ཅི་ཙམ་ན་བསྒོམ། ཉོན་མོངས་པ་ནམ་བྱུང་ཙ་ན་གཉེན་པོ་དྲན་དགོས་པ་ཡིན། ཉོན་མོངས་པས་ཁ་རྒྱལ་དུ་བཏང་བའི་ཆོས་ཀྱིས་དགོས་པ་ཅི་ཞིག་ཡོད། |
ཇོ་བོ་ཆེན་པོའི་ཞལ་ནས། རྒྱ་ལ་རང་གི་རྒྱུད་ལ་ཡོན་ཏན་སྐྱེས་ན་མ་རློམ་ཞིག །བདུད་ཀྱི་དབང་དུ་འགྲོ་བའོ། ། |
ཇོ་བོ་ཆེན་པོའི་ཞལ་ནས། ངེད་རྒྱ་གར་བ་ལ་དོ་གལ་ཆེན་པོའམ་བྱ་བ་གློ་བུར་བ་བྱུང་ན་སྡེ་སྣོད་འཛིན་པ་རྣམས་འཚོགས་ནས། སྡེ་སྣོད་གསུམ་ནས་བཀག་གམ་སྡེ་སྣོད་གསུམ་དང་མི་འགལ་ལམ་ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་ཡིན། ངེད་བྲི་ཀ་མ་ལ་ཤཱི་ལ་པ་ལ་དེའི་སྟེང་དུ་བྱང་སེམས་ཀྱི་སྤྱོད་པ་ནས་བཀག་གམ་མ་བཀག་དེ་དང་མི་འགལ་ལམ་བྱ་བ་ཞིག་ཡོད་ལ། འདུན་མའི་ཞབས་འདུལ་བ་འཛིན་པས་འཇུག་པ་ཡིན། |
ཇོ་བོ་ཆེན་པོའི་ཞལ་ནས། ཡི་དམ་གྱི་ལྷ་ཞལ་མཐོང་བ་བས། ལས་རྒྱུ་འབྲས་ཡིད་ཆེས་ན་དེ་ཉིད་མཆོག་ཏུ་གྱུར་པ་ཡིན། |
ཇོ་བོ་ཆེན་པོའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་གང་ཡིན་དང་དུ་ལོངས། ། |
དགེ་བཤེས་འབྲོམ་སྟོན་པའི་ཞལ་ནས། རྔོག་དར་མ་ཤེས་རབ་ཟེར་བའི་བཀའ་གདམས་པའི་བཙུན་ཆུང་ཞིག་ཡོད་པ་ཚོགས་ནས་བོས་ཏེ། རྔོག་ཆུང་བ་ཁྱོད་འོ་ཅག་རྣམས་ཀྱི་ནང་ནས་གཞོན་ཤོས་ཡིན། ད་ནས་ཡུན་རིང་པོའི་བར་དུ་སྡོད་ལ། ནམ་ཞིག་གི་ཚེ་སྒོམ་ཆེན་ཉོན་མོངས་པ་ཆུང་དུ་མ་སོང་པ། སངས་རྒྱས་དཀར་པོ་དམར་པོ་སེར་པོའི་ཞལ་མཐོང་ཟེར་བ་ཡོང་གིས། དེ་རྣམས་ལ་འབྲོམ་དགེ་བསྙེན་རྒད་པོས་ཁྱེད་ཚོ་འདྲེས་བཟུང་པ་རེད་ཟེར་ནས། ངའི་འཕྲིན་འདི་བཟློས་ཤིག་གསུངས། |
དགེ་བཤེས་འབྲོམ་སྟོན་པའི་ཞལ་ནས། ཐ་མ་ཞིག་གྲོགས་བཟང་པོ་དང་འགྲོགས་ཀྱང་འབྲིང་ལས་མི་ཐེངས། རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བ་ལ་ཚེགས་མེད། |
དགེ་བཤེས་འབྲོམ་སྟོན་པའི་ཞལ་ནས། རང་ཅག་ཇོ་བོ་བཀའ་བརྒྱུད་པ་རྣམས་ཀྱི་དབང་དུ་བྱས་ན། ཇོ་བོའི་ཆོས་མིན་པ་གཞན་མི་ཉན། མི་བསམ། མི་སྒོམ། སུ་ཡིན་ཡིན་གྱི་ལག་ནས་བྱུང་བའི་ཆོས་དཔེ་ལ་མི་བལྟ། |
དགེ་བཤེས་འབྲོམ་སྟོན་པའི་ཞལ་ནས། ཆོས་སློབ་པ་ལའང་ཕྱི་ཐག་དགོས། གྲོགས་སྒྲིག་པ་ལའང་ཕྱི་ཐག་དགོས། ཕྱི་ཐག་མེད་ན་གར་ཡང་མི་ཕྱིན། ལྷག་པར་བཀའ་གདམས་པས་ཉོན་མོངས་པ་ཆུང་དུ་མ་སོང་བར། ལྷ་མཐོང་འདྲེ་མཐོང་བྱེད་པ་ནི་འདྲེས་བཟུང་བར་བཤད། དེ་ཕྱིར་ཆོས་གང་ཡིན་ལ་མི་ཉན་གསུང་། |
དགེ་བཤེས་འབྲོམ་སྟོན་པའི་ཞལ་ནས། ཇོ་བོ་པ་སྙིང་ཁམས་ཆེར་མི་རུང་རྟེན་འབྲེལ་འདི་ཕྲ། |
དགེ་བཤེས་འབྲོམ་སྟོན་པའི་ཞལ་ནས། ཚན་ཞིག་གིས་འདུལ་བ་ལ་བརྟེན་ནས་སྔགས་ཅ་འབྱིད། སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད་དེ། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་པའི་གྲོགས་སུ་སོང་བ་ངའི་བླ་མ་བཀའ་བརྒྱུད་མིན་པ་མེད། |
དགེ་བཤེས་པོ་ཏོ་བའི་ཞལ་ནས། མན་ངག་ཐམས་ཅད་བསྡུས་པའི་འགོ་ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན། ། |
དགེ་བཤེས་པོ་ཏོ་བའི་ཞལ་ནས། རྣམ་གྲོལ་སྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་དེ། ཚེ་འདིའི་བྱ་བ་བལྟས་ནས་བྱས་པས་ཆོག་པ་ལའང་སློབ་མཁན་མེད་པར་མི་འོང་ན་ངན་སོང་ནས་འོངས་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ནས་འོང་། |