དེ་ནས་བརྒྱུད་འདེབས་ལས། ༠༩

༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽

རྒྱལ་བས་གསུངས་པའི་མདོ་རྒྱུད་མ་ལུས་པའི།།
གནད་དོན་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།།
སྐལ་ལྡན་འགྲོ་ལ་བརྩེ་བས་འདོམས་མཛད་པ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར།དེའེ་རྗེས་སུ་རྡོ་རྗེ་ཆོས་སྐྱོང་རྒྱ་མཚོ་མཆོག་རྒྱུད་སྨད་གྱི་ཁྲིར་ཕེབས་པ་ཡིན་ཏེ།དམ་པ་འདི་ནི་རྗེ་བདག་ཉིད་ཆེན་པོ་གཤེགས་ནས་ལོ་ང་བཞི་པ་རབ་བྱུང་བརྒྱད་པ་ཆུ་སྤྲུལ།ཕྱི་ལོ་༡༤༧༣ལོར་དབུས་སྟོད་ཞོགས་མདའ་རྒྱ་རར་སྐུ་འཁྲུངས།ཆུ་ངུའི་དུས་སུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་རྣམས་གསན།

བྲག་བར་དུ་རབ་ཏུ་བྱུང་ནས་དབུ་མ་གསན་ཅིང།བློ་གླིང་ཆོས་རྗེ་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བློར་བསྟེན་ནས་བཀའ་ཆེན་རྣམས་ལ་སྦྱངས་པས་སྟོན་པ་བཟང་བ་དང།མཁྱེན་རབ་ཆེ་བས་ལེགས་པར་མཁྱེན་པའི་མཁས་པའི་ཕུལ་དུ་གྱུར།སྨད་རྒྱུད་དུ་བྱོན་ནས་རྗེ་ཤེེར་བཟང་པའི་དྲུང་ནས་གསང་འདུས་རྩ་བཤད་ཀྱི་རྒྱུད་ཡོངས་རྫོགས་དང།འགྲེལ་པ་རྣམས་དང་བདེ་མཆོག་གི་སྐོར་དང།དུས་འཁོར་ལ་སོགས་པ་རྒྱུད་སྡེ་བཞི་གའི་སྐོར་དང།ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྩ་བཤད་རྒྱུད་འགྲེལ་མན་ངག་བསྐྱེད་རྫོགས་རྣམས་དང།འཕྲུལ་འཁོར་དང་དྲུག་ཅུ་པའི་སྐོར་ཀུན་དང།ཡེ་ཤེས་མགོན་པོའི་བསྙེན་སྒྲུབ་ཡན་ལག་བཞིའི་གདམས་ངག་མ་ལུས་པ་གསན་ཅིང།དེ་བཞིན་དུ་རྒྱུད་པ་ཚུལ་ཁྲིམས་བཟང་པོ་ལས་མདོ་སྔགས་ཀྱི་སྐོར་མང་པོ་ཞིག་གསན་པས་བསྟན་པའི་བདག་པོ་མཛད།

རབ་བྱུང་དགུ་པའི་ལྕགས་འབྲུགཕྱི་ལོ་༡༥༢༠ལ་སྨད་རྒྱུད་པའི་མཁན་ཁྲིར་ཕེབས་ནས་ཆུ་སྦྲུལ་ལོའི་བར་ལོ་བཅུ་བཞིའི་སྐོར་འཆད་ཉན་མཛད།པཎ་ཆེན་ཆོས་འབྱུང་དུ་ལོ་བཅོ་ལྡ་སྐོར་གནང་བར་གསུངས།དེ་ཡང་གསང་འདུས་རྩ་བཤད་རྒྱུད་འགྲེལ་འགྲེལ་བཤད་ཡོངས་རྫོགས་དང་།བདེ་མཆོག་གིའང་དེ་བཞིན་དང།རྡོ་རྗེ་འཇིགས་བྱེད་ཀྱི་རྩ་རྒྱུད་དང་འགྲེལ་པ་བཞིར་བསྐྱེད་རྫོགས་ཆེན་མོ་དང་སྦྱར་ནས་གསུངས་པ་དང།སྐབས་དེ་ཙམ་ན་རྒྱུད་ཀྱི་རྩ་འགྲེལ་མན་ངག་མ་ལུས་པ་འཛིན་པའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རིག་པ་འཛིན་པས་བོད་ཁམས་མ་ལུས་པར་ཁྱབ་པར་གྱུར་ཏོ།།

རྒྱུད་ཆེན་བརྩོན་འགྲུས་འཕགས་པ་སོགས་ཀྱིས་རྗེ་འདི་ལས་གསན་ནས་ཁྲིད་ཆེན་བརྒྱད་སོགས་བཤད་རྒྱུན་གཙང་དུའང་དར་བ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ཐོབ་ཚུལ་བཤད་ལ།དེ་ལྟར་རྒྱུད་ཀྱི་འཆད་ཉན་གནང་བཞིན་པའི་ཐོག་ནས་བྱང་རྩེའི་ཁྲི་ལ་ཕེབས་ཏེ།མདོ་སྔགས་ཀྱི་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་བས་སྔར་ལས་ཀྱང་འཕྲིན་ལས་རྒྱ་ཆེན་པོ་གོང་འཕེལ་དུ་གྱུར་ཏེ།གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་སྔ་ཕྱི་མང་པོར་མཛད་ཅིང།གསང་འདུས་བསྐྱེད་རྫོགས་ལེགས་པ་ཆེ་ཆུང་གཉིས་ཡོད་པར་ཀུན་མཁྱེན་འཇམ་བཞད་པས་གཟིགས་ཚུལ་གསུངས།དེ་བཞིན་དུ་ཕྱག་རྡོར་འཁོར་ལོ་ཆེན་པོའི་བསྙེན་སྒྲུབ་ལས་གསུམ་གྱི་བྱིན་རླབས་བཞི་ལྡན་ཀྱི་ཁྲིད་ཡིག་དང།ཕྱག་རྡོར་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིགཆོས་དྲུག་གི་ཁྲིད་ཡིག་རྣམས་ཡོད་ཚུལ་གསུངས།ཆོས་སྐྱོང་རྒྱ་མཚོའི་ལྟ་ཁྲིད་ཅེས་ཤེས་རབ་རྒྱ་མཚོའི་གསུང་ཁྲོད་དུ་ཡོད་པ་དང།ཁྲི་ཆེན་བརྒྱད་ཀྱི་ཟིན་བྲིས་གྲྭ་ཚང་གི་འཆད་ཉན་ནང་ཡོད་པ་དེ་ཡང་འདིས་མཛད།དེ་བཞིན་དུ་དུས་འཁོར་ཀྱི་སྐོར་ཡང་མང་པོ་གསུངས།

དགུང་གྲངས་རེ་བཞི་པ་མེ་སྤྲེལ།ཕྱི་ལོ་༡༥༣༦ལོར་རྒྱལ་བ་གཉིས་པའི་མི་འཇིགས་གདོང་ལྔས་བཏེག་པའི་དགའ་ལྡན་གསེར་ཁྲིར་ཕེབས་ཏེ།འཆད་རྩོད་རྩོམ་པའི་མི་འཇིགས་སེངྒེའི་སྒྲ་དབྱངས་ཕལ་རྒོལ་ལག་ལྡན་ཁྱུ་མཆོག་ཟིལ་གྱིས་མནན་ཅིང།རྡོ་རྗེ་འཇིགས་བྱེད་གྱི་གསལ་སྣང་དང་ང་རྒྱལ་གྱིས་སྡང་མིག་སྤྱན་སྟོང་འབར་བས་ཕྱོགས་བཅུར་གཟིགས་པས།ནག་ཕྱོགས་བདུད་རིགས་དཔུང་ཚོགས་ཕྱི་མིག་ཙམ་ཡང་བལྟ་མི་བཟོད་པའི་གཟི་བརྗིད་ཉི་མ་འབུམ་ལས་ལྷག་པར་འཕྲོ་ཞིང།མཐུ་སྟོབས་རྭ་རྩེ་རྣོན་པོ་འོག་མིན་གྱི་བར་དུ་བསྒྲེང་པར་མཛད་པས་ནག་ཕྱོགས་ལྷ་མིན་དཔུང་ཚོགས་གནོད་འཚེ་མཚོན་ཆ་མ་ལུས་ཅིག་ཅར་དུ་ས་ལ་ལྷུང་བར་མཛད་ཅིང།དྲེགས་ལྡན་ཆེ་རྒུ་མཐའ་དག་ཅིག་ཅར་ཁ་སྦུག་ཏུ་ཞབས་འོག་ཏུ་གནོན་པར་མཛད།ནག་ཕྱོགས་ཐམས་ཅད་མིང་གི་ལྷག་མར་བྱས་པས་རྒྱལ་བ་གཉིས་པའི་རིང་ལུགས་ས་གསུམ་མ་ལུས་པ་བདག་གིར་མཛད་དེ།ལེགས་བྱས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ཞིང།སྐྱེ་དགུ་མ་ལུས་པ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་ཞུགས་ཤིང་སྐྱིད་པའི་གླུ་གར་ཅི་ཡང་ལེན་པར་གྱུར་ཏོ།།

དེ་ལྟར་ལོ་བཞིའི་བར་དུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་གཞན་དང་མི་མཉམ་པར་བསྐོར་བས་ན།རྗེ་དགེ་འདུན་རྒྱ་མཚོས་ཀྱང།གཞན་ལས་ཕུལ་བྱུང་མ་ཞེས་ཚིག་དོན་བཟང་པོས་བསྟོད་པར་མཛད་དོ།།བཻ་སེར་དུ་དུས་དེར་འོད་སྣ་སོགས་དབུས་སྟོད་ཀྱི་ཆོས་སྡེ་ཕལ་ཆེར་འབྲི་ཁུངས་པས་བདག་བྱས་ཤིང་།ཤར་པ་དང་འབྲེལ་ཆགས་པས་གཏོར་མ་འཕང་རེས་མཛད་པ་ཡིན།ཞེས་ཀྱང་གསུངས།ཕྱག་རྗེས་སུ་ཐུབ་དབང་གི་གོས་གུར་ཆེན་པོ་འདི་བཞེངས།དགའ་ལྡན་ཆོས་འབྱུང་བཻ་སེར་དང།མཁར་ནག་ལོ་ཙཱ་བས་ཤིང་ལུག་ལ་ཁྲིར་ཕེབས་པར་འདོད་པ་ལྟར་ན་ལོ་ལྔར་ཁྲིར་མཛད་པ་དང།མཁས་དབང་སྟག་ལུང་བྲག་པས་མེ་སྤྲེལ་གསུངས་པས་ཀུན་མཁྱེན་བླ་མས་དེ་ཁུངས་བཙན་པར་མཛད་སྣང་བས་དེ་ལྟར་ན་ལོ་བཞིར་ཁྲིར་ཕེབས་པར་མཛད་ནས།དགུང་གྲངས་རེ་བདུན་པ་རབ་བྱུང་དགུ་པའི་ས་ཕགཕྱི་ལོ་༡༥༣༤ལོར་སྐུ་གཤེགས།གཤེགས་པའི་ཚེ་མེ་ཏོག་གི་ཆར་དང་འཇའ་འོད་ཁ་དོག་སྣ་ལྔ་ཟུག་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང།དུས་མཆོད་ཀྱང་ཚ་བྲ་ཆེན་མོ་དཔོན་བརྒྱུད་ཀྱིས་རིང་པོའི་བར་འཛིན་སྣང།གདུང་རྟེན་དངུལ་གདུང་རྒྱ་གུར་ནང་ན་མཁས་གྲུབ་རིན་པོ་ཆེའི་དངུལ་གདུང་གི་གཡོན་ཟུར་ན་བཞུགས་སོ།།

རྗེ་བདག་ཉིད་ཆེན་པོ་གཤེགས་ནས་ལོ་དྲུག་ཅུ་སྐོར་གཉིས་སོང་བའི་ས་ཕག་དེ་ཡིན།གསུང་ལས་སྐྱེས་པའི་སློབ་མ་མདོ་སྔགས་རབ་འབྱམས་ལ་མཁས་པའི་གཞན་དོན་མཐར་ཕྱིན་ནུས་པའི་རྡོ་རྗེ་འཛིན་པ་ཤིན་ཏུ་མང་བར་བྱོན་ཏེ།གྲགས་ཆེ་བ་འགའ་ཞིག་གི་མཚན་བརྗོད་ན།རྒྱུད་ཆེན་རྒྱལ་མཚན་བཟང་པོ་དང།རྒྱུད་ཆེན་ཆོས་གྲགས་བཟང་པོ།རྒྱུད་ཆེན་བརྩོན་འགྲུས་འཕགས་པ།རྒྱུད་ཆེན་དྭགས་པོ་ནམ་མཁའ་གྲགས་དང།མངོན་དགའ་བྱམས་པ་རྒྱ་མཚོ་ལ་སོགས་པ་མང་དུ་བྱོན་ནོ།།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)