དེ་ནས་བརྒྱུད་འདེབས་ལས། ༡༠

༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽

ངུར་སྨྲིག་རྒྱལ་མཚན་མཆོག་གི་མཛེས་པའི་སྐུ།།
ལེགས་བཤད་ཆོས་སྒྲ་བཟང་པོ་སྒྲོག་པའི་གསུང།།
མཁྱེན་བརྩེ་ཕུལ་དུ་བྱུང་བའི་ཐུགས་མངའ་བ།།
བསྟན་པ་གསལ་མཛད་ཁྱོད་ལ་གསོལ་བ་འདེབས།།

ཞེས་པ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་ཁྲིར་རྒྱུད་ཆེན་རྒྱལ་མཚན་བཟང་པོ་ཕེབས་པ་ཡིན་ཏེ།རྗེ་འདི་རྗེ་རིན་པོ་ཆེ་གཤེགས་ནས་ལོ་ང་བཞི་རབ་བྱུང་བརྒྱད་པའི་ཆུ་སྦྲུལ།ཕྱི་ལོ་༡༤༧༣ལ་ཆོས་སྐྱོང་རྒྱ་མཚོ་དང་དགུང་མཉམ་དུ་སྟག་རྩེ་དགེ་འདུན་སྒང་གི་ལྟག་སྐྱིད་གྲོང་དུ་སྐུ་འཁྲུངས།མི་རིང་བར་རབ་ཏུ་བྱུང།བཤེས་གཉེན་དུ་མ་བསྟེན་ནས་བཀའ་ཆེན་རྣམས་ལ་སྦྱངས་པས་མཁས་པར་གྱུར།དཔལ་ལྡན་སྨད་རྒྱུད་དུ་ཕེབས་ནས།རྗེ་ཤེར་བཟང་དང་རྡོ་རྗེ་འཆང་ཆོས་སྐྱོང་རྒྱ་མཚོ་ལ་སོགས་པའི་དྲུང་ནས་གསང་བདེ་འཇིགས་གསུམ་ལ་སོགས་པའི་རྒྱུད་སྡེ་བཞིའི་སྐོར་རྣམས་ལ་ཡུན་རིང་པོའི་བར་དུ་སྦྱངས་པར་མཛད་པས་མདོ་སྔགས་ཀྱི་བསྟན་པའི་བདག་པོར་གྱུར།

དགུང་ལོ་རེ་གཅིག་པ་རབ་བྱུང་དགུ་པའི་ཆུ་སྦྲུལ།ཕྱི་ལོ་༡༥༣༣ལ་སྨད་རྒྱུད་པའི་ཁྲིར་ཕེབས།སྨད་རྒྱུད་ཀྱི་འཆད་ཉན་ཡུན་རིང་པོའི་བར་དུ་མཛད་པས་འཆད་ཉན་ཤིན་ཏུ་དམར་བར་བྱུང།རྒྱུད་ཀྱི་འཆད་ཉན་གནང་བཞིན་པ་ནས་བྱང་རྩེའི་ཁྲིར་ཕེབས།དེ་ནས་དགུང་གྲངས་དོན་གཅིག་པ་རབ་བྱུང་དགུ་པ་ཆུ་ཡོས།ཕྱི་ལོ་༡༥༤༣ལོར་དགའ་ལྡན་ཕེབས་ཏེ།ལོ་གསུམ་གྱི་རིང་ཟབ་རྒྱས་ཀྱི་ཆོས་འཁོར་བསྟར་ཆགས་སུ་བསྐོར་ཅིང།དོན་གསུམ་པ་ཤིང་སྦྲུལ་ཟླ་བ་༦ཚེས་༢༦ལ་མེ་ཏོག་གི་ཆར་དང་འཇའ་འོད་འཁྱིལ་བ་སོགས་ཀྱི་ངོ་མཚར་བའི་ལྟས་དང་བཅས་ཏེ་དག་ཞིང་ལ་གཤེགས་ཞེས་སྟག་ལུང་བྲག་པའི་གདན་རབས་ལས་བཤད་ཅེས་ཀུན་མཁྱེན་བླ་མས་གསུངས།གདུང་ཞུགས་ལ་སྦྱངས་པས་ལྷ་སྐུ་ཡིག་འབྲུ་དང་རིང་བསྲེལ་གྱི་ཕུང་པོ་ཆེན་པོ་ཆགས་པར་གྱུར།དེ་ལ་ནང་རྟེན་བྱས་པའི་གསེར་གདུང་བྱས་ཏེ་རྒྱ་གུར་ནང་གི་རྗེའི་སྐུ་འདྲའི་གཡོན་དུ་བཞུགས་སོ།།འདིའི་འཁྲུངས་ལོ་དང་མཁན་ཕྲིར་ཕེབས་ལོ།གཤེགས་ལོ་སོགས་ལ་མི་མཐུན་པ་མང་སྟེ་འཇིགས་བྱེད་ཆོས་འབྱུང་དུ་དོན་གཅིག་པ་ཆུ་ཡོས་ལ་ཁྲིར་ཕེབས་པ་དང།དོནགསུམ་པ་ཤིང་སྦྲུལ་ཟླ་བ་དྲུག་པའི་ཚེས་ཉི་ཤུ་དྲུག་ལ་གཤེགས་གསུངས་པ་དང།དགའ་ལྡན་ཆོས་འབྱུང་བཻ་སེར་དུ་ལྔ་བཅུ་པ་མེ་རྟ་ལོར་ཁྲིར་ཕེབས་པ་དང།ང་གཉིས་པ་ས་སྦྲུལ་ལ་གཤེགས་གསུངས།དེང་དུས་བོད་རྒྱ་ཚིག་མཛོད་ཟེར་བ་ལས།རབ་བྱུང་བརྒྱད་པ་ཕྱི་ལོ་༡༤༩༧མེ་སྦྲུལ་ལ་འཁྲུངས་པ་དང་རབ་བྱུང་དགུ་པ་ཕྱི་ལོ་༡༥༤༣ཆུ་ཡོས་ལ་ཁྲིར་ཕེབས་ཅིང་རབ་བྱུང་དགུ་པ་ས་སྤྲེལ་ལ་གཤེགས་པར་བཀོད།པཎ་ཆེན་ཆོས་འབྱུང་དང་འཇིགས་བྱེད་ཆོས་འབྱུང་ཁུངས་བཙན་པར་བྱས།སུམ་པའི་ཆོས་འབྱུང་དུའང་འདི་དང་འོག་མ་ལོ་མཚམས་དཔྱད་དགོས་གསུངས་སོ།།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)