༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽
མདོ་རྒྱུད་ཆོས་ཀྱི་མཁའ་ལ་ཐོགས་མེད་རྒྱུ།།
གྲགས་པའི་འོད་ཟེར་སྟོང་གི་དྲྭ་བ་ཅན།།
སྐལ་བཟང་གདུལ་བྱའི་པད་ཚལ་གཉེན་གཅིག་པུ།།
རྨད་བྱུང་བཤེས་གཉེན་ཞབས་ལ་གསོལ་བ་འདེབས།།
ཞེས་གསུངས་པ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་ཁྲིར་རྒྱུད་ཆེན་ཆོས་གྲགས་བཟང་པོ་ཕེབས་པ་ཡིན།འདི་ནི་རྗེ་ཙོང་ཁ་པ་གཤེགས་ནས་ལོ་གྱ་བརྒྱད་སོང་བའི་མཚམས་སུ་རབ་བྱུང་བརྒྱད་པའི་ལྕགས་གླང།ཕྱི་ལོ་༡༤༨༡ལོར་དབུས་སྟོད་སྟག་ཕུར་སྐུ་འཁྲུངས།སྟག་ཕུ་ཆོས་སྡེར་རབ་ཏུ་བྱུང་ནས་བཀའ་ཆེན་སོགས་ལ་སྦྱངས་པར་མཛད་པས་ལེགས་པར་མཁྱེན་པས་མཁས་པའི་སྙན་པ་ཐོབ།རྒྱུད་སྨད་དུ་བྱོན་ནས་ཆོས་རྗེ་རྒྱ་ར་བ་དང།རྗེ་རྒྱལ་མཚན་བཟང་པོ་སོགས་བསྟེན་ནས་སྔགས་ཕྱོགས་སྐོར་མ་ལུས་པ་གསན་ཏེ་མདོ་སྔགས་ལ་ནང་བྱན་ཚུད་པའི་མཁས་པར་གྱུར།སྔར་སྲོལ་ཇིི་བཞིན་དུ་རྒྱུད་ཀྱི་འཆད་ཉན་རྣམས་མཛད་བཞིན་པའི་སྟེང་ནས་བྱང་རྩེར་ཆོས་རྗེར་ཕེབས།
དགུང་གྲངས་ང་བདུན་པ་རབ་བྱུང་དགུ་པ་ཆུ་མོ་བྱའི་ལོར་རྒྱལ་བ་གཉིས་པའི་གསེར་ཁྲིར་ཕེབས་ཏ་ལོ་ངོ་བརྒྱད་ཀྱི་བར་དུ་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ།སྐལ་ལྡན་གྲངས་མེད་པ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་བཀོད་པར་མཛད།གནས་བཅུའི་གོས་གུར་ཆེན་པོ་བཞེངས་ཏེ་མངོན་དགར་ཟུར་བཞུགས་མཛད་ནས།དགུང་གྲངས་རེ་ལྔ་པ་ཤིང་སྦྲུལ་ཟླ་བ་དགུ་པའི་ཚེས་དགུ་ལ་གསང་སྔགས་མཁར་དུ་སྐུ་གཤེགས།རིང་བསྲེལ་དང་འཕེལ་གདུང་མང་དུ་འཕེལ་ནས་བྱོན་པའི་དངུལ་གདུང་ནི་རྒྱ་གུར་ནང་ན་གྲ་དགོན་ཀ་བཞིའི་གསེར་གདུང་གི་འཁྲིས་ན་བཞུགས།དུས་མཆོད་ཀྱང་ཚ་བྲ་དཔོན་བརྒྱུད་ཀྱིས་དུས་ཡུན་རིང་པོར་སྲུང་བརྩི་བྱས་སྣང་ངོ་།།
འདི་བཻ་སེར་དུ་དགུང་ལོ་དྲུག་ཅུ་པར་ཆུ་བྱིར་དགའ་ལྡན་ཁྲིར་ཕེབས།ས་ལུག་ལ་ཞི་བར་གཤེགས་པ་གསུངས་པ་དང།དེང་དུས་ཀྱི་ཚིག་མཛོད་དུ་བཀོད་པའི་ལོ་ཚིགས་སོགས་མི་མཐུན་པ་མང་བས་མཐའ་དག་འདིར་འགོད་པའི་ངལ་བ་མ་བྱས་སོ།།