རྒྱ་ཆེན་ཤེས་བྱ་ནམ་མཁའ་ཡངས་པ་ལ།།
ལུང་རིགས་དཀྱིལ་འཁོར་ཡོངས་སུ་རབ་རྒྱས་ཤིང།།
སྙན་གྲགས་འོད་དཀར་ཕྱོགས་བཅུར་གཡོ་བ་ཡི།།
བཤེས་གཉེན་ཀུནྡའི་གཉེན་ལ་གསོལ་བ་འདེབས།།
ཞེས་པ་ལྟར།དེའི་རྗེས་སུ་ཆོས་རྗེ་དྭགས་པོ་ནམ་མཁའ་གྲགས་སྨད་རྒྱུད་པའི་ཁྲིེར་ཕེབས་པ་ཡིན་ཏེ།དམ་པ་འདི་ནི་དྭགས་པོ་མངའ་རིས་སུ་སྐུ་འཁྲུངས།གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ།དྭགས་པོ་གྲྭ་ཚང་དུ་སློབ་དཔོན་བློ་གྲོས་འཕེལ་བ་ལ་ཕར་ཕྱིན་གསན་པས་བློ་བསྐྱེད་ཆེ་བ་བྱུང།རི་སྒོར་བློ་གྲོས་འཕེལ་གྱི་ཕར་ཕྱིན་སྤྱི་དོན་ཉིན་ཞག་ཉི་ཤུ་ཐམ་པ་ལ་ཐུགས་འཛིན་མཛད་དེ་སེ་ར་བྱེས་སུ་ཕེབས།སྐུ་ཆས་དཀོན་པོ་བྱུང་སྣང་ཡང་ཆོས་རྗེ་རྗེ་བཙུན་ཆོས་རྒྱན་གྱིས་ཆས་ཀ་ཕྲན་བུ་གནང་སྟེ།རྗེ་ཉིད་ཀྱི་དྲུང་ནས་བཀའ་ཆེན་རྣམས་ལ་གསན་སྦྱོང་རྡོ་རུས་ཐུག་པར་མཛད་པས་མཁས་པའི་ཕུལ་ཕྱིན་གྱུར་ཏེ་སྙན་གྲགས་ཀྱིས་བོད་ཁམས་ཁྱབ་པ་ཙམ་དུ་བྱུང།
རྒྱུད་སྨད་དུ་བྱོན་ནས་རྒྱུད་ཆེན་རྒྱལ་མཚན་བཟང་པོ་ལས་རྒྱུད་པའི་འཆད་ཉན་གྱི་སྲོལ་ཡོད་པ་ཐམས་ཅད་གསན།དགའ་ལྡན་དུ་རྗེ་ཆོས་སྐྱོང་རྒྱ་མཚོའི་དྲུང་ནས་ཀྱང་རྡོ་རྗེ་འཇིགས་བྱེད་ཀྱི་དབང།རྒྱུད་འགྲེལ་གདམས་ངག་ཆ་ལག་དང་བཅས་པ།ཁྱད་པར་དུ་དུས་ཀྱི་འཁོར་ལོ་ལ་ཞིབ་ཏུ་སྦྱངས་པས་རྒྱུད་སྡེ་རྒྱ་མཚོ་ལ་དབང་བསྒྱུར་པའི་མ་དྲོས་གདེངས་ཅན་དབང་པོར་གྱུར།
དེ་ནས་སྨད་རྒྱུད་ཀྱི་ཁྲིར་ཕེབས།ཡུན་རིང་པོའི་བར་དུ་རྒྱུད་གསུམ་འགྲེལ་པ་འགྲེལ་བཤད་མན་ངག་བསྐྱེད་རྫོགས་བཞི་དང།ཁྲི་ཆེན་བརྒྱད་སོགས་འཆད་ཉན་བསྟར་ཆགས་སུ་གནང་བས་མཁས་གྲགས་ཀྱི་སྙན་པ་ཡང་ཆེ།དུས་འཁོར་ཀྱི་སྐོར་ལ་བཤད་པ་རྒྱས་པ་ཞིག་མཛད་བཞེད་ཀྱང་མ་གྲུབ།ད་ལྟ་གྲྭ་ཚང་གི་མཁན་པོས་འཆད་ཉན་མཛད་བཞིན་པའི་གསང་འདུས་བསྐྱེད་རྫོགས་༼དྭགས་པོའི་བསྐྱེད་རྫོགས་༽གཉིས་པོ་ཡང་རྗེ་འདིས་མཛད།གཞན་ཡང་གསུང་རྩོམ་གཞན་འགའ་ཞིག་ཡོད་སྣང།གསུང་ལས་སྐྱེས་པའི་སློབ་མའི་ཚོགས་ཀྱང་མང་དུ་ཐོན།མཐར་ཀུན་སྤངས་མཛད་དེ།དགའ་ལྡན་དུ་བྱམས་པ་མགོན་པོའི་མདུན་སར་གཤེགས་པར་གྱུར།