༼བྱང་ཆོས་དང།དགའ་ལྡན་ཁྲིར་ཕེབས།༽
བྱམས་པའི་ཐུགས་ཀྱིས་གདུལ་བྱ་རྗེས་སུ་འཛིན།།
ལེགས་སྦྱངས་མཁྱེན་པའི་རྒྱ་མཚོའི་གཏིང་མཐའ་མེད།།
རྣམ་དག་བཟང་པོའི་རླབས་ཆེན་ཕྱོགས་བཅུར་གཡོ།།
མཁས་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས།།
ཞེས་གསུངས་པ་ལྟར།དེའི་རྗེས་སུ་རྒྱུད་ཆེན་བྱམས་པ་རྒྱ་མཚོ་སྨད་རྒྱུད་པའི་ཁྲིར་ཕེབས་པ་ཡིན་ཏེ།འདི་ནས་རྗེ་ཙོང་ཁ་ཆེན་པོ་གཤེགས་ནས་ལོ་གོ་བརྒྱད་སོང་བའི་རབ་བྱུང་དགུ་པ་མེ་ཕོ་བྱི་བའི་ལོ།ཕྱི་ལོ་༡༥༡༦ལོར་ཞོག་གིི་གྲག་གུར་ཞེས་པར་སྐུ་འཁྲུངས།རྒྱལ་བ་བྱམས་པའི་སྤྲུལ་པར་མཁས་པ་སྟག་ལུང་པས་གསུངས།སྟག་རྩེ་རིན་ཆེན་སྒང་དུ་རབ་བྱུང་མཛད།དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་གཞུང་ལུགས་མང་པོ་གསན་པས་མཁས་བཙུན་གྱིས་གྲགས་པས་ཁྱབ།
དཔལ་ལྡན་སྨད་རྒྱུད་དུ་བྱོན་ནས་རྗེ་ཆོས་གྲགས་བཟང་པོ་དང།ནམ་མཁའ་གྲགས་གཉིས་ཀའི་དྲུང་ནས་བདེ་གསང་གི་རྒྱུད་འགྲེལ་འགྲེལ་བཤད་བསྐྱེད་རྫོགས་ཀུན་དང།ཁྲི་ཆེན་བརྒྱད།རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་པ་དང་འགྲེལ་བཤད་བསྐྱེད་རྫོགས་སོགས་མན་ངག་རྣམས་གསན་པས།མདོ་སྔགས་གཉིས་ཀ་ལ་མཁས་པའི་ངེས་པ་རྣམ་དག་ཐུགས་ལ་མངའ་བའི་རྡོ་རྗེ་འཛིན་པ་ཞིག་ཡིན།
སྐབས་དེར་རྗེ་དགེ་འདུན་རྒྱ་མཚོའི་འཇིགས་བྱེད་སྨོན་ལམ་གྱི་ཊཱིཀྐ་རིམ་གཉིས་ལེགས་པར་ཚང་བ་གཅིག་བརྩམས་པ་ཁྲི་དཀོན་མཆོག་ཆོས་འཕེལ་དང་།ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ལེགས་བཤད་དུ་བཞེད།སྒོམ་སྡེ་ནམ་རྒྱན་གྱིས་ཀྱང་དེ་གཞིར་བཞག་ནས་འཇིགས་བྱེད་སྨོན་ལམ་གྱི་ཊཱིཀྐ་མཛད།དེ་ནས་དམ་པ་འདི་རྒྱུད་སྨད་ཀྱི་ཁྲིར་ཕེབས།རྒྱུད་གསུམ་དང་འགྲེལ་པ་འགྲེལ་བཤད་བསྐྱེད་རྫོགས་བཞི་མན་ངག་དང་བཅས་པ་ལོ་བསྟར་ཆགས་སུ་གནང་བཞིན་པའི་ངང་བྱང་རྩེ་དང་སྟག་རྩེ་རིན་ཆེན་སྒང་གི་བླ་མ་མཛད།
དགུང་ལོ་དྲུག་ཅུ་ཤིང་ཕག་ལོར་ལྷ་མི་ཀུན་གྱི་གཙུག་རྒྱན་འཇམ་མགོན་༸རྒྱལ་བ་གཉིས་པའི་མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲིར་ཕེབས།རབ་བྱུང་བསྙེན་རྫོགས་གྲངས་ལས་བརྒལ་བའི་མཁན་པོ་མཛད་ཅིང།གངས་ཅན་གྱི་མཐའ་འཁོབ་པའི་འདྲེན་པ་ཆེན་པོ་ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་པོའི་རྒྱལ་པོ་ཆ་གན་ཨལ་ཐན་གྱིས་བྱང་པྱོགས་གྱི་སྐྱེ་འགྲོ་མང་པོའི་མགོན་དུ་སོག་ཡུལ་དུ་གདན་དྲངས་པའི་ཤུལ་དུ་ལྷ་སའི་སྨོན་ལམ་ཆེན་མོའི་གྲལ་དབུ་མཛད།
དགུང་ལོ་རེ་བདུན་པ་ཆུ་རྟ་ལ་མངོན་དགའ་རུ་ཟུར་བཞུགས་མཛས་པས་ཁྲི་ཆེན་མངོན་དགའ་བར་ཡང་གྲགས།སྟག་རྩེ་རིན་ཆེན་སྒང་ལ་ཕག་མོའི་དམག་ཕོག་པས།ཆོས་སྡེ་གུར་སྨོན་དུ་སྤོས་ནས་དར་རྒྱས་ཆེ་བར་མཛད།དགུང་ལོ་དོན་ལྔ་པ་ལྕགས་སྟགཕྱི་ལོ་༡༥༩༠ལ་ཞི་བར་གཤེགས།དངུལ་གདུང་མཆོད་ཁང་གསར་མའི་ནང་བཞུགས་སུ་གསོལ།དེའི་སྐུ་སྐྱེ་གཙང་པ་བཀྲིས་དང་ཁམས་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་ནས་རྒྱུད་ཆེན་རྣམ་རྒྱལ་དཔལ་བཟང་གིས་རབ་ཏུ་བྱུང་སྟེ་མཚན་དགེ་འདུན་དཔལ་བཟང་རྒྱ་མཚོར་གསོལ་བ་སེར་སྨད་དུ་ཐུགས་གཉེར་མཛད།ལོ་བཅོ་ལྔའི་དུས་སུ་སོག་ཡུལ་དུ་ཕེབས་ནས་འགྲོ་དོན་བཟང་པོ་བྱུང་སྣང།