༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽
རྣམ་དཀར་དགེ་ཚོགས་རིང་ནས་གོམས་པའི་ཐུགས།
བསྟན་འཛིན་ཀུན་གྱི་དབུས་ན་མངོན་མཐོ་བ།།
ལེགས་པར་བཤད་པས་འགྲོ་ལ་མཆོག་སྩོལ་བ།།
ཡོངས་འཛིན་དགེ་བའི་བཤེས་ལ་གསོལ་བ་འདེབས།།
ཞེས་གསུངས་པ་ལྟར།དེའི་རྗེས་སུ་སེར་སྨད་ཀོང་པོ་བསྟན་འཛིན་ལེགས་བཤད་སྨད་རྒྱུད་པའི་ཁྲིར་བྱོན།དམ་པ་འདི་ཤར་ཀོང་ཡུལ་དུ་སྐུ་འཁྲུངས་ཤིང།དྭགས་པོ་གྲྭ་ཚང་དང་སེར་སྨད་དང་དཔལ་ལྡན་སྨད་རྒྱུད་སོགས་སུ་མདོ་སྔགས་ཀྱི་སློབ་གཉེར་གནང།རྒྱུད་པ་དང་བྱང་རྩེ་རིམ་བཞིན་དགའ་ལྡན་ཁྲི་ཐོག་ལོ་བདུན་སོང་བའི་རྗེས་ཀོང་པོ་རྣམས་དགའ་ལྡན་དུ་གང་མོས་ལས།འདི་ཐོབ་ཅེས་ངེས་ཅན་མེད་པར་བརྟེན།ཁྲི་པ་འདི་ཤར་རྩེ་ཐུན་མོང་བ་ཡིན་པས་འདིའི་རྗེས་ཤར་པའི་ཁྲི་འཛིན་ངེས་ཅན་མི་དགོས་སོ།།ཞེས་སྣ་ཚོགས་པར་དཔགས།ཤར་པ་རྣམས་ཀྱིས་དམག་ཆས་ཏེ་འཚངས་པའི་ཁྲི་བཙན་འཕྲོགས་པ་དང།ཁྲི་པ་རང་ཡང་བྲོས་སྟབས་ཀྱིས་ཁམས་དཔལ་འབར་དུ་ཕེབས་ཏེ་རིང་པོར་མི་ཐོག་པར་དེར་གཤེགས།འདི་ཡན་རྩེ་ཤར་རེས་མོས་ལས་ལོ་གྲང་སོགས་ངེས་ཅན་མེད་པར་འདི་ནས་གཙང་པས་ཁྲིམས་བཅད་པས་ཁྲི་ལོ་ངེས་ཅན་སྲོལ་ཚུགས་སོ།།