མཆོད་རྟེན་རྣམ་པ་བརྒྱད་ནི།
སྤྱིར་བཅོམ་ལྡན་འདས་ཀྱི་མཛད་པ་ལས་བརྩམས་པའི་མཆོད་རྟེན་མང་པོ་ཞིག་བཞེངས་པར་སྟོན་པའི་རྣམ་ཐར་ཁག་ལས་འབྱུང་ནའང་མཛད་པ་གཙོ་ཆེ་བའི་དབང་དུ་བྱས་པའི་མཛད་པ་ཆེན་པོ་བརྒྱད་དང་། དེ་བསྟན་པའི་གནས་ཆེན་བརྒྱད་རྗེས་དྲན་གྱི་ཆེད་དུ་ཡོངས་གྲགས་སུ་བོད་དུ་བཞེངས་པའི་བདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་བརྒྱད་ནི། བྱང་ཆུབ་མཆོད་རྟེན་དང་། པད་སྤུངས་མཆོད་རྟེན། སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན་དང་བརྒྱད་ཡིན་ཞིང་།
ཇི་སྐད་དུ། བསོད་ནམས་བརྒྱ་ཡི་མཚན་དང་ལྡན་པས་ན། །ལྷར་བཅས་འཇིག་རྟེན་ནང་ན་བསོད་ནམས་གཏེར། །མཐོང་དང་ཐོས་དང་གཞེས་པ་མཛད་པས་ཀྱང༌། །འཇིག་རྟེན་ཀུན་ལ་ཕན་པར་མཛད་པ་ལགས། །ཞེས་གསུངས་པ་ལྟར་དང་།
གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །མཐའ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་ཐོབ། །ཅེས་གསུངས་སོ། །