དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི། སྤྱི་ལོ་ ༡༩༣༥ ལོར་གཙང་སྟོད་ལྷ་རྩེ་རུ་སྐུ་འཁྲུངས། དགུང་ལོ་བཅུའི་སྐབས་རྩེ་ཆོས་སྡེ་དགོན་དུ་སྒྲིག་ཞུགས་ཀྱི་ཆོས་སྤྱོད་སོགས་ཐུགས་འཛིན་དང་། བློ་རྟགས་སོགས་ལ་སྦྱང་བརྩོན་གནང་། དགུང་ལོ་བཅུ་དྲུག་གི་སྐབས་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་དང་། གཞུང་ཆེན་ལ་ཐུགས་གཉེར་གནང་། དགུང་ལོ་ཉེར་གསུམ་སྟེང་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་སྟེ་ ༡༩༦༠ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ། གཞུང་ཆེན་ལྷག་མ་རྣམས་ལ་སློབ་གཉེར་དང་། དེར་དཔེ་ཁྲིད་དགེ་རྒན་གནང་། སེ་ར་ཆོས་སྒར་འཕགས་ཡུལ་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་སྤོར་རྗེས། སློབ་དཔོན་དང་ལྷ་རམས་པའི་རྒྱུགས་སྤྲོད་རིམ་འབུལ་གྱིས་ ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་ནས་རྒྱུད་དུ་ཞུགས་ཏེ། གསང་སྔགས་ཀྱི་གཞུང་ལ་ཐུགས་གཉེར་གནང་། སྤྱི་ལོ་ ༡༩༧༩ ལོར་ཊཱིཀྐའི་སྐྱོར་དཔོན་གནང་། ༡༩༨༡ ལོར་རྒྱུད་སྨད་བླ་མ་དབུ་མཛད་གནང་བ་དང་། གནང་དེང་གི་སློབ་ཚན་གཏན་འབེབས་དང་། སློབ་གྲྭ་གསར་འཛུགས་གནང་། སྤྱི་ལོ་ ༡༩༨༤ ལོར་རྒྱུད་སྨད་གྲྭ་ཚང་གི་མཁན་ཁྲིར་ཕེབས། ༢༠༡༠ ལོར་བྱང་རྩེ་ཆོས་རྗེར་ཕེབས་ཤིང་། ༢༠༡༧ལོའི་ཟླ་༦ཚེས་༢༤ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་ཕེབས་དོན་ལྟར། ལོ་དེའི་ཕྱི་ཟླ་༨ཚེས་༤ཉིན་དགའ་ལྡན་བླ་སྤྱི་དང་། དགའ་ལྡན་ཁྲི་ཐོག་ཁང་གཉིས་སུ་ཁྲི་འདོན་གྱི་མཛད་སྒོ་དང་དགའ་ལྡན་གསེར་ཁྲིར་མངའ་གསོལ་ཏེ་དགའ་ལྡན་ཁྲི་རིན་པོ་ཆེའི་མཛད་ཁུར་དངོས་སུ་བཞེས། རྒྱུན་དུ་གདན་ས་ཁག་སོགས་སུ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་ཁག་གི་བཀའ་ཁྲིད་དང་ལུང་ཆོས་མན་ངག་རྒྱུན་ཆད་མེད་པར་གནང་བཞིན་བཞུགས་པ་ལགས་སོ། །

དགའ་ལྡན་ཁྲི་ཐོག་གོ་བདུན་པ་ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ནི། སྤྱི་ལོ་ ༡༩༠༣ ལོར་ཡུལ་དཀར་བོག་ཏུ་ཡབ་ཀུན་དགའ་ཚེ་རིང་དང༌། ཡུམ་བསོད་ནམས་བདེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཤར་ཆོས་གླིང་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་གནང་། ༡༩༡༢ ལོར་འབྲས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་མོར་གསན་བསམ་གནང་། ༡༩༡༣ ལོར་རབ་ཏུ་བྱུང༌བ་དང་། ༡༩༢༢ ལོར་༧གོང་ས་བཅུ་གསུམ་པ་ལས་བསྙེན་པར་རྫོགས། ༡༩༢༤ ལོར་གཞུང་ཆེན་ལྔའི་དམ་བཅའ་བཞག་སྟེ། ལྷ་རམས་ཨང་གཉིས་པའི་མཚན་གནས་བཞེས། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ཏེ། ཆོས་ཐོག་རིམ་འགྲིམས་ཀྱིས་གསང་སྔགས་ལ་གསན་བསམ་གནང་། ༡༩༢༥ ལོར་སྔགས་ཀྱི་རྩོད་རྒྱུགས་སྐབས་ཨང་རིམ་དང་པོའི་མཚན་རྟགས་བཞེས། མེ་སྟག་ལ་རྒྱུད་གྲྭའི་དགེ་བསྐོས་མཛད། ༡༩༣༦ ལ་རྒྱུད་སྟོད་བླ་མ་དབུ་མཛད་དང༌། ༡༩༣༨ ལོར་སྟོད་རྒྱུད་མཁན་པོར་ཕེབས། ༡༩༤༡ ལོར་༧རྒྱལ་བའི་ཡོངས་འཛིན་སྐུ་གཞོན་དང༌། ༡༩༥༣ ལོར་ཡོངས་འཛིན་སྐུ་བགྲེས་ཀྱི་མཚན་གནས་བཞེས། ༡༩༤༩ ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས། ༡༩༥༤ ལོར་༧གོང་ས་སྐྱབས་མགོན་བཅུ་བཞི་པ་ཆེན་པོར་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ། ༡༩༥༩ ལོར་རྒྱ་གར་དུ་ཕེབས། ཨ་སམ་ཁུལ་སྦག་ས་ཆོས་སྒར་སོགས་སུ་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གནང༌། ༡༩༦༥ ལོར་དགའ་ལྡན་གསེར་ཁྲིར་མངའ་གསོལ་མཛད། ཕྱིའི་ཡུལ་གྲུ་སོགས་སུ་སྐལ་ལྡན་མང་པོར་ཟབ་ཆོས་གང་མང་གནང་། ༡༩༧༢ ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཕེབས་ཏེ་དགའ་ལྡན་བླ་སྤྱིར་སྔར་སྲོལ་བཞིན་དགའ་ལྡན་ཁྲི་པའི་མཛད་སྒོ་གནང༌། ༡༩༨༣ ལོའི་ཟླ་ ༡༢ ཚེས་ ༢༥ ཉིན་གྱི་ཆུ་ཚོད་བཅུ་གཅིག་པ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། གསུང་སྐྱེས་སློབ་མ་ལ༧གོང་ས་རྒྱལ་དབང་བཅུ་བཞི་པ་ཆེན་པོ་སོགས་སྐྱེས་ཆེན་མང་དུ་བྱོན།

རྒྱལ་བའི་ཡོངས་འཛིན་ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་ནི། སྤྱི་ལོ་ ༡༩༠༡ ལོར་ཚལ་གུང་ཐང་དུ་ཡབ་ཚེ་རིང་དོན་གྲུབ་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་ཁྲི་འདོན་གནང་། དེ་ནས་དབུས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་བཀའ་པོད་ལྔ་དང་ཐ་སྙད་རིག་གནས་ལའང་གསན་བཞེས་མཛད། ཞོར་དུ་མདོ་སྔགས་ཀྱི་ཟབ་ཆོས་ཀྱང་མང་དུ་གསན། དགུང་ལོ་ཉེར་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་དམ་བཅའ་གནང་བ་དང་། དགུང་ལོ་སོ་བཞི་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསེར་སྡོང་གསར་བཞེངས་ཀྱི་ཕྱག་ལས་གནང་། དགུང་ལོ་ཞེ་བཞི་པར་ ༧ གོང་ས་༧རྒྱལ་བ་བཅུ་བཞི་པ་ཆེན་པོའི་མཚན་ཞབས་མཛད། དགུང་ལོ་ང་གཅིག་པར་༧རྒྱལ་བའི་ཡོངས་འཛིན་གྱི་ཐུགས་འགན་བཞེས། ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས། ༡༩༦༡ ལོར་རྡོ་རྗེ་གདན་དུ་ཆོ་འཕྲུལ་སྨོན་ལམ་འཕར་མ་ཚུགས་སྐབས་གདན་ས་གསུམ་སོགས་ཀྱི་དགེ་འདུན་སྟོང་ཕྲག་བརྒལ་བའི་ཚོགས་མགོན་དུ་ཕེབས་ཏེ་གསུང་ཆོས་དང་བསྔོ་སྨོན་སོགས་ཀྱང་གནང་། གཞན་ཕྱི་ནང་ཡུལ་གྲུ་རྣམས་སུ་སྐལ་ལྡན་མང་པོར་དབང་བཀའ་ཆོས་སོགས་ཟབ་ཆོས་མང་དུ་གནང་བ་དང་། ༡༩༨༢ ལོ་སྟེ་དགུང་ལོ་གྱ་གཉིས་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁྲི་བྱང་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་དང་། གསུང་རྩོམ་ལ། གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་བསྐྱེད་རིམ་ཟིན་བྲིས་སོགས་དང་། རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་རྗེས་གནང་གི་སྐོར། ཁྲིད་ཀྱི་སྐོར། བེའུ་བུམ་གྱི་སྐོར། དབང་གི་སྐོར། ལུང་གི་སྐོར། ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་བེའུ་བུམ་སྐོར་སོགས་པོད་གྲངས་ཁ་ཤས་བཞུགས་པ་ལགས་སོ། །

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)