བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་འོག་རང་རིགས་མཐོ་སློབ་ཐོན་པའི་སློབ་ཕྲུག་སྐོར་ཞིག་ལ་ནང་དོན་རིག་པ་སོགས་ཀྱི་ཟླ་དྲུག་གི་ཟབ་སྦྱོང་སྤྲད་པ་ལེགས་པར་གྲུབ།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་འོག་རང་རིགས་མཐོ་སློབ་ཐོན་པའི་སློབ་ཕྲུག་ངོ་གྲངས་ ༢༠ ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ལེགས་པར་གྲུབ་པའི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སེང་ཞུ་བ་གཤམ་གསལ།
༡. འགོ་འཛུགས།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་གྲིབ་བསིལ་འོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ལས་ཁུངས་རང་གི་ཐུགས་འགན་དང་འབྲེལ་བའི་བོད་གངས་ཅན་པའི་རྩ་ཆེའི་ཆོས་དང་རིག་གཞུང་ཐོག་ལས་གཞི་དུ་མ་ཕྱག་བསྟར་གནང་བཞིན་པའི་ཆ་ཤས་གཅིག་སྟེ། སྐབས་འབྲེལ་བོད་རིགས་མཐོ་སློབ་ཐོན་ཟུར་གང་མང་ཞིག་ལ་བོད་ཀྱི་ཆོས་རིག་ཐོག་དམིགས་བསལ་ཟབ་ཁྲིད་གནང་རྒྱུར་ཐུགས་གཏན་འཁེལ་ཡོད་ཅིང། འོན་ཀྱང་ཟབ་ཁྲིད་ཚོགས་ཡུལ་དེ་འོས་བབ་ཆེ་ས་ཞིག་ཐུགས་མཁོ་ཡོད་སྟབས་གང་སར་གཟིགས་རྟོག་གནང་བའི་མཐར། འདི་ག་གངས་ཅན་རིག་གནས་སློབ་གྲྭ་འདིར་ཆེད་མངགས་གོ་སྒྲིག་གསར་དུ་གནང་མི་དགོས་པར་སློབ་ཁང་དང་བཞུགས་གནས་སོགས་གང་ཅིའི་ཆ་ནས་གྲ་སྒྲིག་ཡོད་བཞིན་པ་ཡིན་སྟབས་ཚུགས་ཡུལ་འདི་གར་ཐུགས་གཏན་འཁེལ་བ་གནང་ཡོད།
༢. སློབ་ཚན་འཆར་གཞི་དང་གཏན་འབེབས།
སྤྱི་ལོ་ ༢༠༡༣ ལོ་མཇུག་ཏུ་ཆོས་རིག་ལས་ཁུངས་ནས་འབྲེལ་ཡོད་ལས་བྱེད་ཟུང་འབྲེལ་དྲུང་ཆེ་ཐུབ་བསྟན་ལགས་ཆེད་གཏོང་གནང་དོན་བཞིན་འདི་གར་ཕེབས་ཏེ། གྲྭ་ཚང་མཁན་རིན་པོ་ཆེ་དང་ཐུབ་བསྟན་ལགས། སློབ་སྤྱི། སློབ་དགེ་ཡོན་ཏན། དཔེ་ཁྲིད་རྒན་དགེ་བཤེས་ལགས་རྣམ་པ་གཉིས་བཅས་བཀའ་བསྡུར་གནང་སྟེ་སློབ་ཚན་གཏན་འབེབས་གནང།
གཏན་འབེངས་ཇི་ལྟར་གནང་ཚུལ་ནི། ཆོས་ལུགས་ཀྱི་ཐ་སྙད་མེད་པར་རྒྱ་གར་མཁས་པའི་གཞུང་ཆེན་ཁག་ནས་སློབ་ཕྲུག་གི་བློ་ནུས་དང་འཚམས་ཤིང་། ཁ་གསལ་ཞིང་གོ་བདེ་བ། བསྡུས་ཆེ་ལ་སྣེ་ག་འཛོམས་པ་སྟེ། བཀའ་བསྡུ་རིམ་པ་གསུམ་ནས་བརྩམས་ནས་ཆོས་འབྱུང་དང། གྲུབ་མཐའ་བཞིའི་རྣམ་གཞག །དེབཞིན་ཚད་མ་རིག་པ། ཕར་ཕྱིན། དབུ་མ། མངོན་པ་མཛོད། ཐ་མར་གསང་སྔགས་ཀྱི་ངོ་སྤྲོད་བཅས་ཡོད་ཅིང། གཞུང་སོ་སོའི་ནང་ནས་སྐབས་བབ་ཏུ་ཉེ་བར་མཁོ་བ་རྣམས་གཅེས་བཏུས་ཞུས་ཡོད་པ་དང། གཞུང་སོ་སོའི་ཐད་དུ་སྤྱི་བཤད་སྙིང་བསྡུས་རེ་ཡོད་ཅིང་། དུས་ཡུན་ཟླ་དྲུག་གི་བབས་དང་བསྟུན་ཏེ་མང་ཉུང་འཚམས་པར་བསྡུས་ཏེ་སློབ་ཚན་གཏན་འབེབས་གནང་ཡོད།
ཁ. བོད་ཀྱི་སྐད་ཡིག་ཐད་ལ། དག་ཡིག་ཁག་གཉིས་དང། སུམ་རྟགས་ཀྱི་བརྡ་སྤྲོད་རིག་པ། ཡིག་བསྐུར་རྣམ་གཞག །རྩོམ་ཡིག། །སྙན་ངག་བཅས་བཏུས་སྒྲིག་ཞུས་ཡོད།
ག. གཏན་འབེབས་གནང་བའི་སློབ་ཚན་རྣམས་དེབ་གཟུགས་སུ་པར་སྐྲུན་ཞུ་ཆེད། སྤྱི་ལོ་ ༢༠༡༤ ཟླ་བ་ ༦ ཟླ་མགོར་སླར་ཡང་ཆོས་རིག་ཐུབ་བསྟན་ལགས་ཆེད་ཕེབས་གནང་སྟེ་གློག་ཀླད་ནང་དེབ་གཟུགས་སུ་དངོས་གཞི་སྒྲིག་སྦྱོར་གྱི་ལས་དོན་དུས་ཚོད་ཐུང་ངུ་ཞིག་ནང་ལེགས་གྲུབ་ཞུས་ཏེ་སྤྱི་ལོ་ ༢༠༡༤ ཟླ་བ་ ༦ པའི་ནང་སློབ་ཚན་གྱི་དཔེ་དེབ་གཉིས་པར་སྐྲུན་ཞུས་ཡོད།
༣. ཟླ་དྲུག་རིང་གི་ལས་རིམ་གཏན་འབེབས་སྐོར།
ཆོས་རིག་འབྲེལ་ཡོད་ལས་ཟུང་འབྲེལ་དྲུང་ཆེ་ཐུབ་བསྟན་ལགས་རྡ་སར་མ་ཕེབས་གོང་། ཟླ་དྲུག་རིང་གི་བྱེད་སྒོ་ལས་རིམ་རྣམས་གཏན་འབེབས་ཡོད་ན་ལས་དོན་ཚགས་ཚུད་ཡོང་རྒྱུར་བརྟེན། དབུ་འབྱེད་མཛད་སྒོ་ནས་མཇུག་བསྡོམས་མཛད་སྒོའི་བར་གྱི་ལས་རིམ་ཡོངས་རྫོགས་ཡིག་ཐོག་གཏན་འབེབས་གནང་དོན་བཞིན། ཉིན་རེའི་དུས་ཚོད་རེའུ་མིག་དང། གཤམ་གསལ་ལྟར་ཟླ་རེར་རིས་མེད་མཁས་པ་གདན་ཞུས་ཀྱིས་གསུང་བཤད་གོ་སྒྲིག་དང། ཤེས་ཡོན་བསྐོར་བསྐྱོད། ཡིག་རྒྱུགས་སོགས་ཟླ་དུས་ཚེས་གྲངས་གཏན་འབེབས་གནང་བ་ཇི་བཞིན་དངོས་སུ་ལག་བསྟར་ཞུས་ཏེ་ལས་དོན་ཚགས་ཚུད་ཞུས་གནང་ཡོད།
༤. དབུ་འབྱེད་མཛད་སྒོའི་སྐོར།
སྤྱི་ལོ་ ༢༠༡༤ ཟླ་བ་ ༧ ཚེས་ ༢ ཉིན་དབུ་འབྱེད་མཛད་སྒོ་བསྐྱངས་པ་སྟེ། ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཟླ་སྒྲོན་ལགས་ཆེད་གཏོང་གནང་དོན་བཞིན་བཀའ་བསྡུར་ཐོག །མགྲོན་བརྡ་ཕུལ་བ་བཞིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དང། ཆོས་རིག་སྐུ་ཚབ། གྲྭ་ཚང་མཁན་བླ་དང་ཕྱག་མཛོད་ལས་སྣེ། ས་འཐུས་ཚོགས་གཙོས་དབུས་གཞིས་མཉམ་གཉིས་ཀྱི་ལས་ཀྱི་སྣེ་མོ་བ། སློབ་གྲྭའི་དགེ་ལས། ས་གནས་ཀྱི་སྡེ་ཚན་ཁག་གི་སྐུ་ཚབ་དང་སྤྱི་མི་གཉིས་དང་། བརྒྱ་དཔོན་སོགས་ལྷན་འཛོམས་ཐོག་ཟབ་ཁྲིད་ཀྱི་སློབ་ཕྲུག་བཅས་མཛད་སྒོ་བཀྲིས་བདེ་ལེགས་ངང་ལེགས་གྲུབ་བྱུང།
༥. ཉིན་རེའི་འཛིན་གྲྭ་དང་སློབ་ཚན།
ཞིབ་ཕྲ་ཉིན་རེའི་དུས་ཚོད་རེའུ་མིག་ཟུར་ཡོད་བཞིན། སྔ་དྲོའི་ཞལ་འདོན་ཕྱག་ཚོད་ ༦།༣༠ ཐོག་ཚོགས་ཏེ་མངོན་རྟོགས་རྒྱན་སྐབས་དང་པོ་དང། སློབ་ཕྲུག་ཚོས་ཐུགས་འདོད་རེ་སྐུལ་གནང་དོན་བཞིན་ཞལ་འདོན་རྗེས་ཉིན་ལྟར་སྒོམ་སྒྲུབ་ཆེད་བྱང་ཆུབ་ལམ་གྱི་རིམ་པར་ཤར་སྒོམ་ཐུན་ཐུང་རེ་གནང་། དེ་ནས་ཉིན་རེར་འཛིན་གྲྭ་ལྔ་ཡོད་པ་ལས། སྔ་དྲོ་ཚོགས་ཐེངས་གསུམ་གྱི་ཚོགས་ཐེངས་དང་པོར། ཕར་ཕྱིན་སོགས་ཀྱི་དཔེ་ཁྲིད། ཚོགས་ཐེངས་གཉིས་པར་ཆོས་འབྱུང་དང་གྲུབ་མཐའ་དབུ་མའི་སྐོར་གྱི་དཔེ་ཁྲིད། ཚོགས་ཐེངས་གསུམ་པར་རྟགས་འཇུག་དང་སྙན་ངག་སོགས་བོད་ཀྱི་རིག་གནས་སློབ་ཁྲིད་བཅས་དང། ཉིན་རྒྱབ་ཚོགས་ཐེངས་གཉིས་ཀྱི་དང་པོར་རིགས་ལམ། ཚོགས་ཐེངས་གཉིས་པར་རྩོམ་ཡིག་སོགས་བོད་ཀྱི་རིག་གནས་སློབ་ཁྲིད་བཅས་ཡོད་ཅིང་། ཕྱི་དྲོར་རིགས་ལམ་རྩོད་པ་དང་དམ་བཅའ། བར་བར་དུ་རང་སྦྱོང་གནང་བ་དང་དགོང་དྲོ་ཕྱག་ཚོད་ ༡༠།༣༠ གཟིམ་བརྡ་བཅས་ཡིན། གཞུང་འབྲེལ་དུས་ཆེན་དང་རེས་གཟའ་ལྷག་པར་གུང་སེང།
༦. མཁས་པ་གདན་ཞུས་ཀྱིས་གསུང་བཤད་གོ་སྒྲིག་ཞུས་སྐོར།
སྤྱི་ཟླ་ ༧ ཚེས་ ༢༩ ཉིན་འདི་ལོར་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་ཀུན་བདེ་གླིང་རིན་པོ་མཆོག་གདན་ཞུས་ཀྱིས། བརྗོད་གཞིར། གྲུབ་མཐའ་བཞི་སོ་སོས་བདག་མེད་འདོད་ཚུལ། ཐོག་གསུང་བཤད་གནང་སྟེ་སློབ་ཕྲུག་ཚོར་བློ་བསྐྱེད་ཆེན་པོ་ཐོབ་ཡོད།
སྤྱི་ཟླ་ ༨ ཚེས་ ༢༦ ཉིན་ཆོས་རིག་ནས་བཀའ་ཡིག་སྩལ་དོན་བཞིན་སྦེལ་ཀོབ་རྣམ་གྲོལ་གླིང་བཤད་གྲྭའི་དབུ་འཛིན་དགེ་བའི་བཤེས་གཉེན་རྟ་མགྲིན་སྲི་ཐུབ་མཆོག་གདན་ཞུས་ཀྱིས། བརྗོད་བྱ། སངས་རྒྱས་ཆོས་ཚོགས་མའི་སྒོ་ནས། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་སྐོར་དང། ཐེག་ཆེན་ཀུན་རྗོབ་སེམས་བསྐྱེད་། གཞན་ཡང་སྤྱིར་རིན་པོ་ཆེའི་ཉམས་མྱོང་སྐོར། གསུང་བཤད་གནང་སྟེ་ཕན་ཐོགས་ངེས་ཅན་བྱུང་ཡོད།
སྤྱི་ཟླ་ ༠༩ ཚེས་ ༢༣། ༢༤། ༢༥ སྟེ་ཉིན་གསུམ་རིང་ཆོས་རིག་ནས་ཆེད་གཏོང་གནང་བའི་༧གོང་ས་མཆོག་གི་གསུང་སྒྱུར་ཟུར་པ་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས། བརྗོད་གཞི། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དབུར་༧གོང་ས་མཆོག་གིས་ཆེད་དུ་སྩལ་བའི་སྔོན་གླེང་། ཞེས་པའི་ཚན་རིག་དང་ནང་ཆོས་འབྲེལ་བའི་སྐོར་ལས་འཕྲོས་པའི་ནང་ཆོས་ཀྱི་སྤྱི་བཤད་དེ་གཙོ་བོ་དང། གཞན་ཡང་དགེ་བཤེས་ལགས་ནས། དེང་རབས་རྒྱལ་སྤྱི་དང་རྒྱལ་ནང་དུ་ཉམས་མྱོང་གི་བཀའ་སློབ་གསུང་བཤད་གོ་བདེ་ལ་སེམས་ལ་འཇུག་པ་གནང་སྟེ་སློབ་ཕྲུག་ཚོའི་བསམ་བློར་ཤུགས་སྣོན་ཆེན་པོ་ཐེབས་ཡོད།
སྤྱི་ཟླ་ ༡༠ ནང་གྲྭ་ཚང་དབྱར་དགག་དབྱེ་འཁེལ་བས་འཛིན་གྲྭ་མེད་སྟབས་ཟླ་བ་དེའི་ཚེས་ ༢༣ ཉིན་གྲྭ་ཚང་མཁན་རིན་པོ་ཆེ་བློ་བཟང་ཕན་བདེ་མཆོག་ནས་བློ་སྦྱོང་ཉམས་ལེན་སྐོར་གསུང་བཤད་གནང་སྟེ་ཐུགས་ཕན་ཆེན་པོ་བྱུང་ཡོད།
དེ་ཚེས་ ༢༤ ཉིན་ཀུན་བདེ་གླིང་རིན་པོ་ཆེན་མཆོག་གདན་ཞུས་ཀྱིས་སྒོམ་སྒྲུབ་རྒྱག་སྟངས་སྐོར་གསུང་བཤད་གནང་སྟེ་དགེ་མཚན་དང་ལྡན་པ་བྱུང་ཡོད།
དེ་ཚེེས་ ༢༥། ༢༦ སྟེ་ཉིན་གཉིས་རིང་ཆོས་རིག་གི་བཀའ་འབྲེལ་བཀྲས་ལྷུན་དུ་སྐུ་བཞུགས་གཟིགས་རྒྱབ་རིན་པོ་མཆོག་ནས་ཉིན་དང་པོར་དབུ་མའི་ལྟ་བའི་སྐོར་དང་། ཉིན་གཉིས་པར་བྱང་ཆུབ་ཀྱི་སེམས་སྐོར་གསུང་བཤད་གནང་སྟེ་སློབ་ཕྲུག་ཚོ་སེམས་ལ་ཕན་ཐོགས་ཆེན་པོ་བྱུང་བར་མངོན།
སྤྱི་ཟླ་ ༡༡ པའི་ནང་བཀའ་འབྲེལ་ལྟར་འདི་ནས་མི་ངོ་ཆེད་བཅར་གྱིས་ས་སྐྱ་དང་། བཀའ་བརྒྱུད་ཀྱི་མཁས་པ་གདན་ཞུ་ཞུ་སྐབས། ས་སྐྱའི་མཁན་པོ་དང་སློབ་དཔོན་རྣམས་སྐབས་དེར་ར་ཇེ་པུར་ས་སྐྱ་ཆོས་སྒར་གྱི་ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོར་བཅས་ཏེ་མ་བཞུགས། བཀའ་བརྒྱུད་ཁོངས་ནས་དཔེ་ཁྲིད་རྒན་སྟོབས་ལྡན་ལགས་ཕེབས་ཏེ་བཀའ་བརྒྱུད་ཀྱི་དམ་པ་བཞི་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པས་ཀྱང་ཐུགས་ཕན་ཆེ་བར་བྱུང་ཡོད།
༧. ཤེས་ཡོན་སྐོར་བསྐྱོད་སྐོར།
ལས་རིམ་གཏན་འབེབས་བཞིན། སྤྱི་ཟླ་ ༠༨ ཚེས་ ༡༢ སྦེལ་ཀོབ་སེ་ར་བླ་སྦྱི་དང། གྲྭ་ཚང་གཉིས། དེ་བཞིན་རྣམ་གྲོལ་གླིང་ཆོས་སྒར། ས་སྐྱ་དགོན་པ་སོགས་ལ་ཆོས་འཇལ་དུ་ཁྲིད་ནས། དགོན་པ་དང་དེ་དག་གི་སྐུ་གསུང་ཐུགས་རྟེན་ངོ་སྤྲོད་གནང་ཡོད། སྤྱི་ཟླ་ ༡༠ ཚེས་ ༢༨ ཉིན་ Mysore དུ་ཤེས་ཡོན་བསྐོར་བསྐྱོད་དུ་ཁྲིད་ནས། སྙན་གྲགས་ཆེ་བའི་མཡེ་སོར་རྒྱལ་ཁང་དང། མེ་ཏོག་ལྡུམ་ར་སོགས་ལ་སྤྲོ་འཆམ་དང་འབྲེལ་ནས་འཁྲིད་ཡོད།
༨. རྒྱུགས་སྤྲོད། [ རྩོད་རྒྱུགས། བྲིས་རྒྱུགས། ངག་རྒྱུགས་ཏེ་ཐབས་ཚུལ་དབྱེ་བ་གསུམ། ]
ལས་རིམ་བཞིན་སྤྱི་ཟླ་ ༡༢ པའི་ཚེས་ ༠༥ ནས་ཉིན་བརྒྱད་རིང་རྒྱུགས་སྤྲོད་གནང་བ་ནི། ཚེས་ ༥ ཉིན་རིགས་ལམ་རྩོད་རྒྱུགས། ཚེས་ ༦ ཉིན་ཆོས་འབྱུང་དང་གྲུབ་མཐའ་དབུ་མ་བཅས་ཀྱི་བྲིས་རྒྱུགས། ཚེས་ ༧ ཉིན་བོད་ཡིག་རྩོམ་ཡིག་སོགས། ཚེས་ ༨ ཉིན་རིགས་ལམ་རྟགས་རིགས་བློ་རིག་སོགས་ཚད་མ་རིག་པའི་འབྲི་རྒྱུགས། ཚེས་ ༩ ཉིན་ཕར་ཕྱིན་གྱི་བྲིས་རྒྱུགས། ཚེས་ ༡༠ ཉིན་ཞི་བདེའི་གཟེངས་རྟགས་དུས་ཆེན་འཁེལ། ཚེས་ ༡༡ ཉིན་བོད་ཡིག་དག་ཡིག་དང་རྟགས་འཇུག་སྙན་ངག་གི་བྲིས་རྒྱུགས། ཚེས ༡༢ ཉིན་མཛོད་དང་སྔགས་ཀྱི་བྲིས་རྒྱུགས། ཚེས་ ༡༣ ཉིན་བརྗོད་གཞི་གང་རུང་ཐོག་རང་རྩོམ་བྱས་པ་གཏམ་བཤད་ཀྱི་ལམ་ནས་ངག་རྒྱུགས་བཅས་ལེགས་པར་ཟིན་པ་དང། ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་མཚོན་ན་སློབ་ཕྲུག་ཚང་མ་སྤྱི་ཡོངས་ཀྱི་བརྒྱ་ཆ་ བདུན་ཅུ་དོན་དྲུག་ལས་བརྒལ་བ་ཤ་སྟག་རེད་འདུག །རྒྱུགས་ཀྱི་ཨང་རིམ་སྤྱི་སྲོལ་ལྟར། ཀ་སྡེ། ཁ་སྡེ། ག་སྡེ། ང་སྡེ་བར་ཡོད་པ་ལས། སློབ་ཕྲུག་ཡོངས། ཀ་སྡེའི་ནང་ཚུད་པ་ཤ་སྟག་རེད་འདུག
༩. དགེ་སློབ་ལས་བྱེད་སྐོར།
ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཟུང་འབྲེལ་དྲུང་ཆེ་ཐུབ་བསྟན་ལགས། འདི་གའི་སློབ་སྤྱིས་དབུས་ལས་བྱེད་ལྔ་ཙམ། ནང་དོན་རིག་པའི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལགས་རྣམ་པ་གཉིས། རིགས་ལམ་ཚད་མ་རིག་པའི་རྒན་སྔགས་རམས་པ་གཅིག།།བོད་ཡིག་རྒན་སྔགས་རམས་པ་གཉིས་བཅས་སློབ་དགེ་ལྔ་ཡོད་ཅིང། ས་གནས་ཁག་བཅུ་ཙམ་ནས་སློབ་ཕྲུག་བུ་གྲངས་ ༡༣ དང་བུ་མོ་གྲངས་ ༧ སྟེ་བསྡོམས་སློབ་ཕྲུག་ཉི་ཤུ་ཡོད།
༡༠. གྲུབ་འབྲས་དང་རེ་བ། འདི་གའི་དགེ་ལས་ཐུང་མོང་གིས་གཟིགས་ཚུལ་ལ། རྩ་བའི་སློབ་ཕྲུག་རྣམས་འདིར་ཕེབས་སྐབས་ཚང་མ་ཡ་རབས་སྤྱོད་བཟང་དང་ཉན་ཤེས་གོ་ཤེས་ཤ་སྟག་ཕེབས་འདུག་པས་སྒྲིག་ལམ་གནོན་སྡོམ་དང། སློབ་སྦྱོང་སྤྲོད་ཕྱོགས་ཐོག་དམིགས་བསལ་དཀའ་ངལ་གང་ཡང་མ་བྱུང། ལྷག་པར་ཡིག་རྒྱུགས་གྲུབ་འབྲས་ཚད་མཐོར་སོན་ཡོད་པར་དཔགས་ན། འདི་གར་ནང་ཆོས་ཀྱི་བསླབ་བྱ་བཟང་པོ་སྤྱི་དང་། ལྷག་པར་འཁོར་བ་སྤྱི་བྲེ་བྲག་གི་ངང་ཚུལ། ལས་དང་འབྲས་བུའི་རྣམ་གཞག །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན། རིགས་པ་ཡང་དག་གི་ལམ་ནས། ནང་པ་སངས་རྒྱས་པའི་ལྟ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་སོགས་ལ་ཟླ་དྲུག་རིང་སློབ་གཉེར་གནང་བའི་ཕན་ཡོན་དང་བྱིན་མཐུས་ལ་བརྟེན་ནས། སློབ་ཕྲུག་ཚོས་ཆུང་ས་ཁྱིམ་ཚང་གི་ལས་དོན་ནས་ཆེ་ས་རྒྱལ་ཁབ་ཀྱི་ཆོས་སྲིད་ཟུང་གི་ཞབས་འདེགས་སྒྲུབ་སྐབས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས་པའི་རེ་བ་ཆེན་པོ་ཡོད།
མཐའ་དོན།
མཐའ་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་དགོངས་བཞེད་ལྷུན་གྱིས་འགྲུབ་ཅིང། བོད་དོན་བདེན་པའི་ཉི་མ་མྱུར་དུ་འཆར་ཏེ་འཛམ་གླིང་ཞི་བདེའི་པདྨའི་དགའ་ཚལ་རྒྱས་པའི་སྨོན་འདུན་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་ནས་སྤྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༡༦ ལ།