མོན་རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་གསར་བཞེངས་ལེགས་པར་གྲུབ་སྟེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དད་ལྡན་མི་མང་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གི་ཆོས་འབྲེལ་གནང་སོང་།
རྒྱུད་སྨད་མཁན་རིན་པོ་ཆེ་མཆོག་གཙོས་མོན་ཡུལ་བླ་ཆེན་རྣམ་པ་དང་མངའ་སྡེའི་བློན་ཆེན་མི་རྗེ་པདྨ་མཁའ་འགྲོ་མཆོག་དབུ་བཞུགས་ཐོག་རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་དབུ་འབྱེད་དང་འབྲེལ་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་པ་དང་། དེ་ཡང་མོན་ཡུལ་སྐྱིད་མོ་ལྗོངས་ཁུལ་གྱི་ཆེས་དགོན་རྙིང་། ཤར་ཉི་མ་ཚོ་གསུམ་ནམ་ཡིག་ལྷ་ཁང་། ཞེས་པ་འདི་བཞིན་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནས། ཕྱིའི་སྣོད་ཀྱི་བཀོད་པ་འདུ་ཁང་སོགས་ཉམས་གསོ་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པ་ཙམ་མ་ཟད། ནང་བཅུད་ཀྱི་སྐྱེ་བོ་རྣམས་དམ་པའི་ཆོས་ཀྱི་དགའ་སྟོན་ལ་རྟག་རོལ་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་བྱ་བ་ལམ་ལྷོང་སོགས་ཀྱི་སླད། དཔལ་ལྡན་སྨད་རྒྱུད་པའི་སྔགས་རམས་གཙོ་གྱུར་དགེ་འདུན་ཆོག་གྲྭ་ཉི་ཤུ་སྐོར་ནས་སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༠༢ ཚེས་ ༡༧ དགེ་བའི་ཉིན། རྟ་ཐོག་མའི་ཆོ་གའི་སྒོ་ནས་རབ་གནས་དང་། ཞི་བའི་སྦྱིན་སྲེག་འབུལ་བ་སོགས་གནང་ཡོད་ལ།
སྤྱི་ཟླ་ ༤ ཚེས་ ༨ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡན་ལག་མོན་སྐྱིད་མོ་ལྗོངས་སུ་ཡོད་པའི་རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་གི་མཁན་པོའི་མཚན་གནས་སུ། འོས་མི་ཁག་ནས་འཕྲིན་སྐུལ་མཚན་ཤོག་འཐེན་པས་རྒྱལ་རོང་སྔགས་རམས་པ་རྒན་ཡེ་ཤེས་བསམ་འཕེལ་ལགས་མཚན་ཐོན་བྱུང་བ་ལགས་པས། གྲྭ་ཚང་ནས་རྟེན་འབྱུང་ལེགས་གསོལ་དང་སྟབས་གཅིག་གྲྭ་ཚང་གི་སྔགས་རམས་པ་ཡན་ཆད་སྒྲིགས་གཞི་ལེགས་བཅོས་ཀྱི་ཚོགས་ཆེན་ཚོགས་ཡོད་པ་དང་།
སྤྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༡༦ ཉིན་མོན་ཡུལ་སྐྱིད་མོ་ལྗོངས་སུ་བཞུགས་པའི་ཤར་ཉི་མ་ཚོ་གསུམ་ནམ་ཡིག་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་སླར་གསོ་ལེགས་པར་གྲུབ་སྟེ། དབུ་འབྱེད་དང་འབྲེལ་དགོན་པའི་འཛིན་སྐྱོང་བདག་དབང་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་འབུལ་བཞེས་གནང་བའི་རྟེན་འབྲེལ་མཛད་སྒོ་ཞིག་རྒྱུད་སྨད་མཁན་རིན་པོ་ཆེ་མཆོག་གཙོས་མོན་ཡུལ་བླ་ཆེན་རྣམ་པ་དང་མངའ་སྡེའི་བློན་ཆེན་མི་རྗེ་པདྨ་མཁའ་འགྲོ་མཆོག་དབུ་བཞུགས་ཐོག་བསྐྱངས་གནང་ཡོད་འདུག །
སྤྱི་ལོ་ ༢༠༢༣ ཟླ་ ༠༤ ཚེས་ ༡༧ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཆོས་འབྲེལ་གནང་བ་དང་། རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་གྲྭ་ཚང་གི་མཁན་པོ་གསར་པའི་ཁྲི་སྟོན་བཅས་སྦྱོར་དངོས་རྗེས་གསུམ་ལེགས་པར་གྲུབ་པའོ། །