དགོངས་པ་གཞན་དུ་གཏད་པར་མྱ་ངན།

སྐྱབས་རྗེ་རིན་པོ་ཆེ་རྗེ་བླ་མ་ཐུབ་བསྟན་བཟོད་པ་མཆོག་གློ་བུར་དུ་དགོངས་པ་གཞན་དུ་གཤེགས་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་ཡིད་སེམས་མནར་བའི་ངང་ནས་སྐྱབས་གསོལ་དང་བསྔོ་སྨོན་རྒྱ་གང་ཆེ་ཞུ་སོང་།

བསྟན་འགྲོ་ཡོངས་ལ་ཐུགས་རྗེའི་མཛད་པ་ཡངས་པ་སྐྱབས་རྗེ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་པའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང་། ཡང་སྲིད་འཁྲུལ་བྲལ་མྱུར་བྱོན་སླད་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཆོག་གྲྭ་ཟུར་ཚོགས་དམིགས་བསལ་གྱིས་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་ཆོག་བདུན་ཕྲག་གཉིས་རིང་ཆད་མེད་དང་འབྲེལ། དགོངས་རྫོགས་ཞེ་དགུའི་དུས་ཚིགས་སུ་ཀུན་ལ་གནང་བ་མེད་པའི་ཚང་འཛོམས་ཀྱིས་འདུས་ཚོགས་ཆེན་པོའི་ངང་དཔལ་གསང་བ་འདུས་པའི་རྩ་རྒྱུད་དག་ཐོན་གསུངས་ཏེ་ཐུགས་སྨོན་དང་འབྲེལ་བའི་མཆོད་སྤྲིན་སྤྲོས་པ་དང་།

སྤྱི་ཚེས་ ༡༥ ལ་སྲས་བཅས་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་འབུལ་བཤམས་དང། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་མཆོག་དབུ་བཞུགས་ཀྱིས་འདུས་མང་ཚོགས་ཡོངས་ནས། རིན་པོ་ཆེ་མཆོག་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཤིང། སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་རིན་པོ་ཆེ་འཁྲུལ་བྲལ་མྱུར་དུ་བྱོན་ཏེ་གོང་མའི་རྣམ་ཐར་ཇི་བཞིན་སྐྱོང་ཐུབ་པའི་ཐུགས་སྨོན་འཚམས་སྦྱོར་རྒྱ་ཆེར་གནང་བཞིན་པར་བླ་མ་མཆོད་པ་དང། རྟེན་འབྲེལ་བསྟོད་པ། སྤྱོད་འཇུག་སྨོན་ལམ། ཐོག་མཐའ་མ་བཅས་གསུངས་ཏེ་ཐུགས་སྨོན་དང་སྐྱབས་གསོལ་རྒྱ་ཆེར་གནང་སོང་།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)