སྲིད་པའི་འཁོར་ལོའི་མཚོན་དོན།
རིགས་དྲུག་གི་སེམས་ཅན་རྣམས་སྲིད་པ་འཁོར་བར་ཇི་ལྟར་འཁོར་ཞིང་འཁྱམས་པ་དང༌། དེའི་རྒྱུ་དང་བཅས་པ་སྟོན་པའི་རི་མོ་ཞིག་སྟེ། སངས་རྒྱས་ཞལ་བཞུགས་དུས་སུ་བྱུང་བ་ཞིག་ཡིན་ལ། དེ་ཡང་ཡུལ་དབུས་ཀྱི་རྒྱལ་བོ་གཟུགས་ཅན་སྙིང་པོ་ལ། མཐའ་འཁོབ་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་པོ་ཆེའི་ཁྲབ་རིན་ཐང་བྲལ་བ་ཞིག་ལེགས་སྐྱེས་སུ་བསྐུར་བ་ན། རྒྱལ་པོ་གཟུགས་ཅན་སྙིང་པོས་དེའི་སྐྱེས་ལན་འགངས་ཆེ་བ་ཞིག་བསྐུར་རྒྱུ་མ་རྙེད་ནས། བཅོམ་ལྡན་འདས་ལ་ཐབས་ཞུས་པས། སྟོན་པ་ཐུགས་རྗེ་ཅན་གྱིས་འཁོར་འདས་སམ་བདེན་བཞིའི་རྣམ་གཞག་མཚོན་བྱེད་སྲིད་པ་འཁོར་ལོ་ཆ་ལག་དང་བཅས་པ་ཞལ་བཀོད་གནང་བ་ལྟར་ལེགས་པར་བཞེངས་ཏེ་བསྐུར་བ་ན། རྒྱལ་པོ་ཨུ་ཏྲ་ཡ་ནས་དཔེ་རིས་དེ་ལ་བརྟེན་ནས་བདེན་པ་མཐོང་ཞིང་། རྒྱལ་པོའི་རྗེས་སུ་འབྲངས་པའི་སྐྱེ་བོ་མང་པོས་ཀྱང་འཕགས་ལམ་ཐོབ་བོ། །དུས་དེ་ནས་བཟུང་སྟེ་ད་ལྟའི་བར་དུ་དགེ་འདུན་རྣམས་ཀྱི་ཀུན་དགའ་ར་བ་དང༌། གཙུག་ལག་ཁང་གི་སྒོ་འགྲམ་གྱི་ལོགས་བྲིས་སུ་འབྲི་སྲོལ་དར་བ་དང༌། དེ་ལྟར་བྲིས་པའི་དགོས་པ་ནི། འདུ་ཁང་དུ་ཚོགས་དང་མཇལ་ཞོར་ལ་དགེ་འདུན་པ་རྣམས་དང་དད་ལྡན་སྐྱེ་བོ་རྣམས་ཀྱིས་བདེན་བཞིའི་གནས་ལུགས་ངེས་པའི་ཆེད་དུ་ཡིན་ནོ། །

སྲིད་པའི་འཁོར་ལོ་ཆ་ལྔ་པ་འབྲི་ཚུལ་ནི། འཆི་བདག་གཤིན་རྗེའམ་སྲིན་པོ་ཁ་གདངས་པའི་དབུས་སུ་འཁོར་ལོ་ཟླུམ་པོ་ཞིག་བྲིས་ཏེ། འཁོར་ལོ་ཟླུམ་པོ་དེའི་དབུས་སམ་ལྟེ་བར་བྱ་སྦྲུལ་ཕག་གསུམ་གྱི་གཟུགས་བརྙན་འབྲི་དགོས་ལ། བྱ་ཡི་རིགས་འདོད་ཆགས་ཤས་ཆེ་ཞིང་ཕུག་རོན་ནི་དེ་བས་ཀྱང་འདོད་ཆགས་ཤིན་ཏུ་ཆེ་བས་འདོད་ཆགས་མཚོན་བྱེད་དུ་ཕུག་རོན་དང་། སྦྲུལ་ནི་ཞེ་སྡང་ཤས་ཆེ་བས་ཞེ་སྡང་མཚོན་བྱེད་དུ་སྦྲུལ། ཕག་ནི་གཏི་མུག་ཤས་ཆེ་བས་གཏི་མུག་མཚོན་བྱེད་དུ་ཕག་བྲིས་པ་ཡིན་ཞིང་དེ་གསུམ་གྱི་དུག་གསུམ་མཚོན་ལ། དེས་འགྲོ་བ་རིགས་དྲུག་འཁོར་བར་འཁོར་བྱེད་ཀྱི་རྒྱུ་གཙོ་བོ་ཉོན་མོངས་དུག་གསུམ་ཡིན་པ་སྟོན་ཞིང་། ཕག་པའི་ཁ་རུ། ཕུག་རོན་དང་། སྦྲུལ་གཉིས་ཀྱི་རྔ་མ་བཅུག་པ་ནི། གཏི་མུག་མ་རིག་པའམ་འཇིག་ལྟ་ནི་འཁོར་བའི་སེམས་ཅན་རྣམས་སྲིད་པ་འཁོར་བར་སྐྱེ་བྱེད་ཀྱི་རྒྱུའི་རྩ་བ་ཡིན་པ་དང་། འདོད་ཆགས་དང་ཞེ་སྡང་གཉིས་ཏེ་ཉེས་པ་ཀུན་གྱི་འབྱུང་གནས་གཏི་མུག་ཡིན་པར་སྟོན་པའོ། །
དེའི་མཐའ་རུ་ལམ་དཀར་ནག་གཉིས་ཏེ་རིམ་པ་གཉིས་པའི་མུ་ཁྱུད་ཟླུམ་སྐོར་དུམ་བུ་གཉིས་སུ་ཕྱེས་པའམ་ཕྱེད་བགོས་བྱས་ནས་ལོགས་གཉིས་ཀྱི་གཡས་ཕྱོགས་ཁ་དོག་དཀར་པོ་དང་གཡོན་ནག་པོར་བྱས་པ་ནི། བདེ་འགྲོ་དང་ངན་འགྲོའི་བར་སྲིད་གཉིས་མཚོན་པ་སྟེ། དེ་ཡང་བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པར་མཚོན་ཞིང་། དེ་ཡང་མི་དགེ་བའི་ལས་སམ་སྡིག་པའི་རྣམ་སྨིན་གྱིས་ངན་སོང་དུ་སྐྱེ་བ་ཞིག་ཡིན་ན། བར་དོའི་སྲིད་པར་མཚན་མོར་མགོ་བོ་ཐུར་དུ་བཙུགས་ནས་འགྲོ་བའི་སྣང་བ་དང༌། ལས་མཁན་འཇིགས་སུ་རུང་བས་ཐག་པས་བསྡམས་ནས་འཐེན་ཏེ་དབང་མེད་དུ་འཁྲིད་འགྲོ་བ་དང་འཇིགས་སྣང་དཔག་མེད་སྐྱེ་བ་མཚོན། དགེ་བའི་ལས་སམ་བསོད་ནམས་ཀྱིས་མཐོ་རིས་སུ་སྐྱེ་བ་ཞིག་ཡིན་ན། མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ་གངས་རི་ལ་ཉི་འོད་ཀྱིས་ཐོག་མར་ཕོག་པ་ལྟ་བུ་དང་ལམ་གྱེན་དུ་འགྲོ་བའམ། ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར་བ་དང༌། ལས་མཁན་སོགས་ཀྱི་འཇིགས་སྣང་གི་སྡུག་བསྔལ་དང་བྲལ་བ་སྟོན་པའོ། །
དེའི་ཕྱི་མཐའ་འམ་ཟླུམ་སྐོར་གསུམ་པ་ཆ་ལྔའམ་དུམ་བུ་ལྔ་རུ་ཕྱེས་ཏེ་ [ ཆ་ལྔ་རུ་ཕྱེས་སྐབས་ལྷ་མིན་ལྷའི་ཁོངས་སུ་བསྡུ་བ་ཡིན་ལ། གཞན་སྟོད་ལ་ཆ་གསུམ་དང་སྨད་ལ་ཆ་གསུམ་སྟེ་ཆ་དྲུག་ཏུ་ཕྱེས་ཏེ་སྟོད་ཀྱི་ཆ་གསུམ་ལ་ལྷ་དང་ལྷ་མིན། མི་བཅས་འགྲོ་བ་གསུམ་དང་། སྨད་ཀྱི་ཆ་གསུམ་ལ་དམྱལ་བ། ཡི་དྭགས། དུད་འགྲོ་བཅས་འགྲོ་བ་དྲུག་འབྲི་བའི་ལུགས་ཀྱང་ཡོད་དོ། ། ] རྩིབས་རྣམས་ཀྱི་བར་རམ། སྟེང་གི་དུམ་བུ་གཉིས་ཀྱི་གཡས་པའི་ནང་དུ་ལྷ་དང་། གཡོན་པའི་ནང་དུ་མིའི་འགྲོ་བ་འབྲི་བ་དང་། འོག་གི་ཆ་གསུམ་ལས་དབུས་ཀྱི་ནང་དུ་དམྱལ་བ། གཡས་ཀྱི་ཆ་ལ་དུད་འགྲོ། གཡོན་ཕྱོགས་ཀྱི་ཆ་ལ་ཡི་དྭགས་འབྲི་དགོས་ཤིང་།
མཐོ་རིས་ཀྱི་གནས་དང་པོ་མི་ཡི་འགྲོ་བ་ལའང་གླིང་བཞི་དང་གླིང་ཕྲན་བརྒྱད་དེ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལོངས་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་འཁྱོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་སོགས་འགྲོ་བ་མི་ཡི་རིགས་དེ་དག་ལ་ལ་སྐྱེ་བ་དང་། ལ་ལ་རྒས་པ། ལ་ལ་ན་བ། ལ་ལ་འཆི་བ་སོགས་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ལ་ལོངས་སྤྱོད་པའི་ཚུལ་གྱིས་སྡུག་བསྔལ་སྔ་མ་མ་སངས་བཞིན་དུ་ཕྱི་མས་གནོན་པ། འདོད་པ་རྒྱབ་ཏུ་སྐྱུར་ཞིང་། མི་འདོད་པ་ཐོག་ཏུ་འབབ་པའི་རྣམ་པ་སོགས་དང་། དཀར་པོ་དགེ་བའི་ལས་ཀྱི་མཐོ་རིས་དང་ཐར་པའི་ཐེམ་སྐས་ཀྱི་ལམ་དུ་གཤེགས་པ། ནག་པོ་སྡིག་པའི་ལས་ཀྱི་རྣམ་པར་སྨིན་པས་ངན་སོང་དུ་སྐྱེ་བའི་གཟུགས་རིས་སུ་བཀོད་པ།
མཐོ་རིས་ཀྱི་གནས་གཉིས་པ་ལྷ་མ་ཡིན་ལའང་སྟེང་ནས་མར་བརྩིས་པའི། སྒྲ་གཅན་དང་། དཀར་འཕྲེང༌། མགུལ་འཕྲེང༌། ཐགས་བཟང་རིས་ཏེ་རྒྱལ་པོ་བཞིའི་རིས་སུ་གནས་པ་དང་། ལྷ་མ་ཡིན་རྣམས་ཕྲག་དོག་དང་འགྲན་སེམས་ཀྱིས་ལྷ་ཡི་དཔལ་ལ་སྡང་སྟེ་གོ་མཚོན་ཐོགས་ནས་གཡུལ་དུ་ཞུགས་ཏེ་ལྷ་རྣམས་དང་འཐབ་ཏུ་འགྲོ་བ་དང་། ལྷ་རྣམས་ཀྱིས་རྩུབ་འགྱུར་ཚལ་གྱི་གོ་མཚོན་དག་བླངས་ནས། ལྷའི་གླང་པོ་ཆེ་རབ་བརྟན་གྱི་མགོ་བོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་དང༌། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན་ཏེ་ལྷ་ཡི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་རྡོ་རྗེ་དང་འཁོར་ལོ་དང༌། མདུང་ཐུང་དང་མདའ་བོ་ཆེ་ལ་སོགས་པ་ཆར་བཞིན་དུ་འབེབས་ཤིང༌། རྫུ་འཕྲུལ་གྱིས་རི་ཆེན་པོ་རྣམས་ཀྱང་དཔུང་པས་བཏེགས་ནས་འཕེན་པ་དང་། ལྷ་རྣམས་ལས་དང་དབང་ཐང་གིས་མི་འགྲེང་བདུན་ཙམ་གྱིས་མཐོ་ལ། ལྷ་མ་ཡིན་རྣམས་ནི་དམའ་ཞིང༌། ལྷ་རྣམས་ནི་མགོ་བོ་བཅད་ན་མ་གཏོགས་ལུས་ལ་རྨ་ཅི་ཙམ་བཏབ་ཀྱང་དེ་མ་ཐག་ལྷའི་བདུད་རྩིས་གསོ་བས་མི་འཆི་ལ། ལྷ་མ་ཡིན་རྣམས་ནི་མི་ལ་སོགས་པ་བཞིན་དུ་གནད་ཆེ་ས་གང་དུ་ཕོག་ཀྱང་འཆི་བས། རྟག་ཏུ་གཡུལ་ཕམ་པ་མང༌ཞིང་ལྷའི་གླང་པོ་མྱོས་པའི་སྣར་རལ་གྲིའི་འཁོར་ལོ་བཏགས་ཏེ་མངགས་པ་སོགས་ཀྱིས་ལྷ་མ་ཡིན་འབུམ་ཕྲག་དུ་མ་གསོད་ཅིང༌། དེ་དག་གི་རོ་རི་རབ་ཀྱི་ངོས་ནས་རྦབ་ཏུ་བསྒྲིལ་སྟེ་རོལ་པའི་མཚོ་ཆེན་རྣམས་ཀྱི་ནང་དུ་ལྷུང་བས། མཚོ་རྣམས་ཁྲག་མདོག་ཏུ་བསྒྱུར་ཞིང་འཐབ་རྩོད་ཁོ་ན་ལ་སྤྱོད་པའི་གཟུགས་རིས་བཀོད་པ།

མཐོ་རིས་ཀྱི་གནས་གསུམ་པ་ལྷ་ལའང་གསུམ་ལས། དང་པོ་འདོད་ཁམས་ཀྱི་ལྷ་རྣམས་རི་རབ་ཀྱི་བང་རིམ་བཞིའི་སྟེང་གི་ཕྱོགས་བཞིར་ཤར་དུ་ཡུལ་འཁོར་སྲུང་དང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མི་བཟང་། བྱང་དུ་རྣམ་ཐོས་སྲས་ཏེ་རྒྱལ་ཆེན་རིགས་བཞིའི་ལྷ་གནས་དང་། དེའི་འོག་གི་བང་རིམ་ལ་སྟེང་ནས་མར་རིམ་པ་ལྟར་། རྟག་མྱོས་དང་། ཕྲེང་ཐོགས། གཞོང་ཐོགས་ཀྱི་ལྷ་རྣམས་དང་། རི་བདུན་གྱི་ཁ་ཁྱེར་ཉི་ཟླ་སྐར་མ་རྣམས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་རིས་སུ་གཏོགས་པ་ཡིན་ལ། དེའི་སྟེང་རིམ་པ་བཞིན་སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཅས་འདོད་ལྷ་རིགས་དྲུག་དང། གཉིས་པ་དེའི་སྟེང་གི་གཟུགས་ཁམས་ཀྱི་གནས་ལ་ཡང་བསམ་གཏན་བཞི་སྟེ། སྟེང་ནས་རིམ་པ་བཞིན་བསམ་གཏན་དང་པོའི་གནས་གསུམ་གྱི་དང་པོ་ཚངས་རིས་དང་། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་གསུམ་དང་། བསམ་གཏན་གཉིས་པའི་གནས་ལ་སྟེང་ནས་སྟེང་དུ་འོད་ཆུང་། ཚད་མེད་འོད། འོད་གསལ་ཏེ་གསུམ། བསམ་གཏན་གསུམ་པའི་གནས་ལ་དགེ་ཆུང་། ཚད་མེད་དགེ །དགེ་རྒྱས་གསུམ། བསམ་གཏན་བཞི་པའི་གནས་ལ་སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་གསུམ་དང༌། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་ཏེ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཏེ་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ཞིང་དང་གནས་སོགས་བཀོད་ཡོད། གསུམ་པ་དེའི་སྟེང་ནས་རིམ་པ་བཞིན་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ་གཟུགས་མེད་བཞི་རྣམས་བཀོད་པ།
ངན་སོང་གི་གནས་དང་པོ་དམྱལ་བའི་གནས་ནི་དབུས་སུ་གཤིན་རྗེ་ཆོས་རྒྱལ་ཕྱག་གཡས་ཁྲམ་ཤིང་དང་གཡོན་པས་མེ་ལོང་འཛིན་པ་ལ། མདུན་དུ་གཤིན་པོ་རྣམས་ཀྱི་དགེ་སྡིག་དང་རྒྱུ་འབྲས་ལ་གཞིག་པའི་རྣམ་པ་བཀོད་པ། དམྱལ་བའི་གནས་ལ་ཚ་གྲང་གཉིས་ལས། དང་པོ་ཚ་དམྱལ་ལ་བརྒྱད་ཡོད་པ་ལས། དང་པོ་ཡང་སོས་ནས་སྟེང་ནས་འོག་ཏུ་མས་རིམ་བཞིན། གཉིས་པ་ཐིག་ནག །གསུམ་པ་བསྡུས་འཇོམས། བཞི་པ་ངུ་འབོད། ལྔ་པ་ངུ་འབོད་ཆེན་པོ། དྲུག་པ་ཚ་བ། བདུན་པ་རབ་ཏུ་ཚ་བ། བརྒྱད་པ་མནར་མེད་དེ་ཚ་དམྱལ་བརྒྱད་མཚོན་བྱེད་ཀྱི་གཟུགས་རིས་དང་། དེ་ཡང་སེམས་ཅན་དེ་དག་གནས་དེར་སྐྱེས་མ་ཐག་ནས་ལས་མཁན་རྣམས་ཀྱིས་ལྕགས་བསྲེག་གི་ཐོ་བ་རི་རབ་ཙམ་མེ་འབར་བས་མགོ་ལ་བསྣུན་ནས་བསད་པ། འགའ་ཞིག་ལུས་ལ་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་བཏབ་ནས་ལྕགས་བསྲེག་གི་སོག་ལེ་མེ་འབར་བས་ལུས་ཀྱི་སྟོད་སྨད་བར་གསུམ་འདྲ་བ། ཁ་ཅིག་ལྕགས་བསྲེག་གི་གཏུན་ཆེན་པོ་ཡུལ་རྒྱང་ཙམ་ཞིག་ནང་ལྕགས་ཀྱི་ཐོ་བ་མེ་འབར་བས་ཏིལ་མར་བཞིན་འཚིར་བ། ཁ་ཅིག་ལྕགས་ཁང་སྒོ་མེད་མེ་འབར་བ་ཕྱི་ནང་གཅིག་ནས་གཉིས་བར་གྱི་ནང་ཚུད་པ། གཞན་ཡང་ལྕགས་ཀྱི་མདུང་རིང་མེ་འབར་བ་རྩེ་གཅིག་དང་རྩེ་གསུམ་སོགས་ཀྱིས་འོག་སྒོ་བཤང་ལམ་དང་ཚང་ར་ནས་གཟུགས་ཏེ་ཕྲག་པ་དང་སྤྱི་བོའི་བར་ཐལ་གྱིས་ཕུག་པའི་སྡུག་བསྔལ་མྱོང་བའི་རྣམ་པ་བཅས་གཟུགས་རིས་སུ་བཀོད་པ། གནས་དེ་དག་གི་ཕྱོགས་བཞིར་རོ་མྱགས་ཀྱི་འདམ་དང་། མེ་མ་མུར་གྱི་འོབས། སྤུ་གྲིའི་ཐང་། རལ་གྲི་ལོ་མའི་ནགས་ཚལ་དང་། ཤར་ལྷོ་དང་ལྷོ་ནུབ་ནུབ་བྱང་བྱང་ཤར་ཏེ་མཚམས་བཞིར་ཤ་མ་ལའི་སྡོང་པོ་རེ་རེ་དང་བཅས་འོག་གཞི་ཐམས་ཅད་ལྕགས་བསྲེག་གི་ས་གཞི་ཁོར་ཡུག་ཐམས་ཅད་ལྕགས་བསྲེག་གི་མཚོན་ཆ་དང་། མེ་རི་འབར་བའི་ར་བའི་ནང་ལས་ཀྱིས་འཕངས་པའི་སེམས་ཅན་དེ་དག་གིས་སྡུག་བསྔལ་ཚོར་བཞིན་པའི་གཟུགས་རིས་དང་།
གཉིས་པ་གྲང་དམྱལ་ལའང་སྤྱི་མཐུན་གྱི་གཞི་དང་ཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད། བུ་ཡུག་འབའ་ཞིག་གིས་སྦྲེབས་ཤིང་གཅེར་བུར་གྲང་བས་ཉེན་པའི་གནས་ལ་བརྒྱད་ལས། གཅེར་བུར་ལས་ཀྱིས་འཕངས་པའི་སེམས་ཅན་དེ་དག་བུ་ཡུག་དང་གྲང་ངར་གྱིས་ལུས་ཀྱི་ཤ་མདོག་སྔོན་པོར་གྱུར་ནས་ལུས་ལ་ཆུ་བུར་ཐོལ་ཐོལ་རྡོལ་བ་ལ་ཆུ་བུར་ཅན་དང་། ཆུ་བུར་དེ་དག་བརྡོལ་ནས་རྨར་སོང་བ་ཆུ་བུར་རྡོལ་བ། གྲང་བའི་ཟུག་རྔུ་བསྲན་མི་བཟོད་པར་སོ་འཚིར་བས་སོ་ཐམ་ཐམ་པ། ཨ་ཆུ་ཞེས་སྨྲེ་སྔགས་རྒྱུན་མི་འཆད་པ་འདོན་པས་ཨ་ཆུ་ཆུ། སྐད་ཀྱི་གདངས་ཆག་པས་ཤུགས་རིང་ཀྱེ་ཧུད་དུ་འདོན་པས་ཀྱེ་ཧུད་དང་། ཕྱི་ལྤགས་མདོག་སྔོན་པོར་སོང་སྟེ་བཞི་ཚལ་དུ་གས་པ་ཨུཏྤལ་ལྟར་གས་པ། ནང་གི་ཤ་དམར་པོར་གྱུར་ཏེ་གྲང་བས་བརྒྱད་ཚལ་དུ་གས་པ་པདྨ་ལྟར་གས་པ། དེ་ལས་ཀྱང་དམར་ནག་དུ་གྱུར་ཏེ་བཅུ་དྲུག་དང༌། སོ་གཉིས་སོགས་གྲངས་མེད་པར་གས་པ་པདྨ་ལྟར་ཆེར་གས་པ། དེ་ལྟར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་མྱོང་བ་ལས། སྡུག་བསྔལ་མི་འདྲ་བ་བརྒྱད་ལ་མིང་བརྒྱད་དུ་ཆགས་པ་གྲང་བའི་དམྱལ་བ་བརྒྱད་ཅེས་བྱ། ཉི་ཚེ་བ་ནི། བྲག་གི་བར་དུ་བཅར། རྡོ་ཡི་ནང་དུ་འཐུམ་པ། ཆབ་རོམ་གྱི་ནང་དུ་རེངས་པ། ཆུ་ཚན་གྱི་ནང་འཚོད་པ། མེ་ནང་དུ་སྲེག་པ། ཤིང་སྡོང་ལ་བཅད་གཏུབ་བྱས་པ། རང་ཉིད་ཀྱི་ཡན་ལག་དང་ཉིང་ལག་བཅད་པར་ཉེར་ལེན་བྱས་པ། གཞན་ཡང་གཏུན་དང༌། ཕྱགས་མ་དང༌། ཕྲུ་བ་དང༌། སྒོ་དང༌། ཀ་བ་དང༌། སྒྱེད་བུ་དང༌། ཐག་པ་ལ་སོགས་རྟག་ཏུ་བཀོལ་ཞིང་སྤྱོད་པའི་གཟུགས་སུ་འདུ་ཤེས་པས་སྡུག་བསྔལ་དེ་དག་མྱོང་བ་སོགས་གཟུགས་རིས་སུ་བཀོད་པ།
ངན་སོང་གི་གནས་གསུམ་པ་ཡི་དྭགས་ལ། བྱིངས་ན་གནས་པ་དང་། མཁའ་ལ་རྒྱུ་བ་གཉིས་ལས། དང་པོ་བྱིངས་ན་གནས་པ་ནི། ཡི་དྭགས་སུ་སྐྱེས་པའི་སེམས་ཅན་དེ་དག་གིས་ལོ་གྲངས་བརྒྱ་ཕྲག་མང་པོར་ཟས་སྐོམ་གྱི་སྒྲ་ཙམ་ཡང་ཐོས་པར་མ་གྱུར་པས། ཁ་ཁབ་ཀྱི་མིག་ཙམ་ལ་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་མགྲིན་པ་རྟ་རྔ་ཙམ་པའི་ནང་དུ་མ་ཚུད་པའི་བར་ལ་ཁའི་དུག་གིས་བསྐམས་པ་དང༌། ཅུང་ཟད་རེ་མགྲིན་པར་ཚུད་ཀྱང་ལྟོ་བ་ཡུལ་ལྗོངས་ཙམ་ཡོད་པ་མི་ཁེངས་པ་དང༌། ཆུ་ཐིགས་རེ་ཙམ་ལྟོ་བར་སོང་ནའང་མཚན་མོའི་རིང་དེ་ལ་མེ་འབར་ནས་གློ་སྙིང་ནང་ཁྲོལ་ཐམས་ཅད་བསྲེགས་པས་སྡུག་བསྔལ་དང༌། ཁ་ཟས་ཅུང་རྙེད་ན་ཡི་དྭགས་མང་པོ་རུབ་བརྒྱབ་ནས་འཆི་བར་ཐུག་པའི་སྡུག་བསྔལ་གྱིས་ཉམ་ཉེས་པ། འགྲོ་བར་འདོད་པའི་ཚེ་ལྟོ་བ་ཡུལ་ལྗོངས་ཙམ་ལ་ཡན་ལག་འཇག་སྐྱ་ཙམ་གྱིས་མི་ཐེག་པར་ཤིན་ཏུ་ཉམ་ངའི་གཟུགས་རིས་དང་། གཉིས་པ་མཁའ་ལ་རྒྱུ་བའི་ཡི་དྭགས་བཙན་དང་རྒྱལ་པོ། ཤི་འདྲེ་དང་འབྱུང་པོ་མ་མོ་ཐེའུ་རང་སོགས་སེམས་ཅན་ལ་གནོད་འཚེའི་ལས་ཁོ་ན་སྤྱོད་པའི་གཟུགས་རིས་བཀོད་པ།
ངན་སོང་གི་གནས་བཞི་པ་དུད་འགྲོ་ལ་བྱིངས་ན་གནས་པ་དང་ཁ་འཐོར་བའི་རིགས་གཉིས་ལས། དང་པོ་ནི་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་ན་ཉ་དང༌། ཆུ་སྲིན་དང༌། དུང་དང༌། སྦལ་པ་དང༌། འབུ་སྲིན་ལ་སོགས་ཆེ་བ་རི་རབ་ལ་ལན་མང་པོའི་བར་དཀྲིས་པ་དང༌། ཆུང་བ་རྡུལ་ཕྲན་དང་ཁབ་རྩེ་ལྟ་བུའི་བར་དུ་ཡོད་ཅིང༌། ཆེ་བས་ཆུང་བ་རྣམས་ཁྱུར་མིད་བྱེད་པ་དང་། ཆུང་བས་ཆེན་པོ་རྣམས་ཐད་ཀར་འབིགས་ཤིང་ཟ། སྲོག་ཆགས་ཆེ་བ་རེ་རེའི་ལུས་ལ་ཆུང་བ་དུ་མས་ཚང་བཅས་ནས་ཟས་སུ་བྱེད་པ་སོགས་ཀྱི་རྣམ་པ་གཟུགས་རིས་སུ་བཀོད་པ་དང་། གཉིས་པ་ཁ་འཐོར་བའི་དུད་འགྲོ་ལྷ་དང་མི་ཡི་ཡུལ་ན་ཡོད་པའི་རྟ་ལུག་ནོར་གསུམ་དང་བྱ་ཁྱི་ཕག་སོགས་བདག་པོས་ཡོངས་སུ་བཟུང་བའི་རིགས་དང་། ཤྭ་གནའ་དགོ་གསུམ་དང་བྱ་བྱེའུ་འབུ་སྲིན་སོགས་བདག་པོས་མ་བཟུང་བའི་རིགས་དེ་དག་བླུན་རྨོངས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ལ་གནས་པ་གཟུགས་རིས་སུ་བཀོད་པ།
དེས་འགྲོ་བ་རིགས་ལྔའམ་རིགས་དྲུག་གི་སྡུག་བསྔལ་བསྟན་པ་ཡིན་ལ། ལས་ཀྱི་དབང་གིས་འཁོར་བར་འཁོར་བའི་གནས་ལ་འགྲོ་བ་རིགས་ལྔའམ་དྲུག་ཏུ་ངེས་པ་མཚོན་ཞིང་། འགྲོ་བ་སེམས་ཅན་ཀུན་ཐར་པ་མ་ཐོབ་བར་དུ་འགྲོ་བ་རིགས་དྲུག་ཏུ་རེས་མོས་ཀྱིས་ཚེ་འཕོས་ཏེ་སྡུག་བསྔལ་མྱངས་ཤིང་མྱོང་བ་དེ་སྟོན་པའོ། །

འཁོར་ལོའི་མཐའ་འམ་ཟླུམ་སྐོར་བཞི་པ་མུ་ཁྱུད་དུམ་བུ་བཅུ་གཉིས་ཏེ་དྲ་མིག་བཅུ་གཉིས་སུ་ཕྱེས་ཏེ། སྟོད་ནས་སྲིན་པོའི་ཁ་རུ་བཟུང་བའི་མུ་ཁྱུད་ཀྱི་དཀྱིལ་མ་ནས་ཆ་བགོས་བྱས་ཤིང་། གཡོན་གྱི་དུམ་བུའམ་དྲ་མིག་ནས་འགོ་ཚུགས་ཏེ་གཡས་སྐོར་དུ་དྲ་མིག་རྣམས་ཀྱི་ནང་དུ་དམུས་ལོང་འཁར་རྒྱུག་ལ་བརྟེན་པ་སོགས་བྲིས་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་དེ།
དང་པོ་རྒན་མོ་དམུས་ལོང་འཁར་རྒྱུག་ལ་བརྟེན་པ་དེས་མ
པའོ། །[ འདི་ལ་འབྲི་སྟངས་གཞན་ནི། ཁང་པ་སྒེའུ་ཁུང་དྲུག་ཡོད་པའི་ནང་དུ་སྤྲེའུ་ཞིག་བཅུག་པ་ན་དེས་སྒེའུ་ཁུང་སོ་སོར་བརྒྱུགས་ནས་ལྟ་བར་བྱེད་པ་ལྟར་རྣམ་ཤེས་དེ་མིག་ལ་སོགས་པའི་སྒོ་དྲུག་གར་ཕྱིན་ནས་ཡུལ་སྣ་ཚོགས་ལ་སྤྱོད་པས་ན་རྣམ་ཤེས་སྤྲེའུ་དང་འདྲ་བའོ། ། ]
བཞི་པ་གྲུ་གཟིངས་ཀྱིས་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན་པ་སྟེ། གྲུ་གཟིངས་འགྲུལ་པ་དང་ཡོ་བྱད་ཐམས་ཅད་ཚུ་རོལ་ནས་ཕ་རོལ་སྐྱེལ་འདྲེན་བྱེད་པའི་རྟེན་གཞི་དང་། མཁོ་བའི་དངོས་པོ་འཇོག་པའི་སྣོད་བྱེད་པ་ལྟར། མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་འཁོར་བ་ལ་སྐྱེ་ཞིང་སྐྱེ་བ་སྔ་མ་ནས་འདིར་འོངས་ལ། འདི་ནས་ཕྱི་མར་འགྲོ་བའི་རྣམ་ཤེས་ཀྱི་རྟེན་དང་། འབྲས་བུ་བདེ་སྡུག་ཐམས་ཅད་འབྱུང་བའི་སྣོད་དམ་ཕུང་པོའི་ངོ་བོར་འཛིན་པར་བྱེད་པ་ཡིན་ནོ། །
ལྔ་པ་ཁང་སྟོང་གིས་སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན་པ་སྟེ། ཁང་སྟོང་གནས་ཀྱི་ངོ་བོ་གྲུབ་ཀྱང་བརྟེན་པ་བདག་པོ་མེད་པ་ལྟར། སྐྱེ་མཆེད་ཀྱི་གནས་སྐབས་སུ་རྟེན་དབང་པོ་ལྔའི་ངོ་བོ་རྫོགས་པར་གྲུབ་ཀྱང་བརྟེན་པ་རྣམ་ཤེས་ལྔ་འགྲུབ་རྒྱུ་ཡིན་པའོ། །
དྲུག་པ་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པ་དེས་རེག་པའི་རྟེན་འབྲེལ་མཚོན་པ་སྟེ། ཕོ་མོ་ཐོག་མར་འཁྱུད་ཅིང་འོ་བྱེད་པའི་ཚེ་རེག་པའི་དགའ་བ་ཙམ་ལས་འཁྲིག་པའི་བདེ་བ་ཡོངས་སུ་མི་རྫོགས་པ་ལྟར། རེག་པའི་རྟེན་འབྲེལ་གྱི་ཚེ་ཚ་གྲང་འཇམ་རྩུབ་ལ་སོགས་པའི་རེག་བྱ་གང་དང་གང་འཕྲད་ཀྱང་དེ་ལྟར་རེག་པའི་སྣང་བ་ཙམ་ལས་བྱུང་བའི་ཚོར་བ་བདེ་སྡུག་རྫོགས་པར་མྱོང་མི་ཐུབ་པའི་གནས་སྐབས་ཡིན་པའོ། །
བདུན་པ་མིག་ཏུ་མདའ་ཟུག་པས་ཚོར་བའི་རྟེན་འབྲེལ་མཚོན་པ་སྟེ། མིག་ལ་མདའ་ཟུག་མ་ཐག་ཏུ་ཚོར་བ་སྡུག་བསྔལ་ངང་གིས་སྐྱེ་བ་ལྟར། རེག་པ་དེ་ཉིད་ནུས་པ་ཤས་ཆེར་གྱུར་ནས་ཚ་གྲང་དང་། འཇམ་རྩུབ་ཇི་ལྟར་རེག་པ་ན་དེའི་ཚོར་བ་བདེ་སྡུག་ངང་གིས་སྐྱེ་བའོ། །
བརྒྱད་པ་སྐྱེ་བོས་ཆང་འཐུང་བ་དེས་སྲེད་པའི་རྟེན་འབྲེལ་མཚོན་པ་སྟེ། ཆང་འཐུང་སྐྱེས་བུས་ཆང་གི་བྲོ་བ་མྱངས་པ་ན་དེ་ཆགས་ཞེན་རང་ཤུགས་ཀྱིས་འཕེལ་ཏེ་རང་སེམས་དེ་ལ་གཡེང་བ་ལྟར། སྲེད་པས་འཁྲུལ་སྣང་གི་དངོས་པོར་ཡིད་ཆགས་ཏེ། དེ་དང་དེ་ཐོབ་ན་སྙམ་པའམ་དེ་དང་མ་བྲལ་ན་སྙམ་པའི་སྲེད་ཞེན་གྱིས་ཡིད་གདུང་བར་བྱེད་པའོ། །
དགུ་པ་སྤྲེའུས་ཤིང་ཏོག་འཐོག་པ་དེས་ལེན་པའི་རྟེན་འབྲེལ་མཚོན་པ་སྟེ། སྤྲེའུས་རང་གི་ཡིད་དུ་འོང་བའི་ཤིང་ཏོག་ལ་སེམས་གཡོ་ཞིང་མིག་གིས་མཐོང་ཚད་ལག་པས་ལེན་པ་དང་ཟ་བར་བྱེད་པ་ལྟར། སྲེད་པས་ཆགས་པའི་ཡུལ་དེ་ལ་དོན་གཉེར་ཆེན་པོ་བྱེད་པ་དང་སྲེད་པ་དེ་ཉིད་ཤས་ཆེར་སོང་ནས་འདོད་པའི་དངོས་པོ་དང་དུ་ལེན་པའི་སེམས་རབ་ཏུ་གཡོ་བར་བྱེད་པའོ། །
བཅུ་པ་བུད་མེད་སྦྲུམ་མ་དེས་སྲིད་པའི་རྟེན་འབྲེལ་མཚོན་པ་སྟེ། སྦྲུམ་མ་དེ་བུ་སྐྱེ་བའི་རྐྱེན་ཐམས་ཅད་ཚང་བས་ཕྲུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ལྟར། སྲིད་པའི་རྟེན་འབྲེལ་གྱིས་སྲེད་པ་ཕྱི་མ་འགྲུབ་པའི་ལས་ཀྱི་ནུས་པ་མཐུ་ཅན་དུ་བྱས་ཏེ་ཡང་སྲིད་ཕྱི་མ་འགྲུབ་པར་བྱེད་པ་སྟེ། རྣམ་ཤེས་ཀྱི་སྟེང་དུ་འདུ་བྱེད་ཀྱི་ལས་གང་ཡང་རུང་བའི་བག་ཆགས་བཞག་པ་ལ་སྲེད་ལེན་གྱིས་གསོས་བཏབ་སྟེ་ལས་ཀྱི་ནུས་པ་མཐུ་ཆེན་དུ་གྱུར་ཏེ་རྣམ་སྨིན་གྱི་ཕུང་པོ་གསར་དུ་འགྲུབ་པ་ལ་མངོན་དུ་ཕྱོགས་པའོ། །

བཅུ་གཅིག་པ་ཕྲུ་གུ་བཙའ་བ་དེས་སྐྱེ་བའི་རྟེན་འབྲེལ་མཚོན་པ་སྟེ། ཕྲུ་གུ་མའི་མངལ་ནས་ཕྱི་རོལ་ཏུ་ཐོན་པའི་སྐབས་ལྟར། རྣམ་ཤེས་ཕུང་པོ་རྙིང་པ་ནས་ཕྱིར་ཐོན་ཏེ་བར་སྲིད་དུ་ཞུགས་པ་དང་། བར་སྲིད་ནས་སྐྱེ་སྲིད་དུ་འཕོ་བར་བྱེད་པའོ། །
བཅུ་གཉིས་པ་མི་རོ་འཁུར་བ་དེས་རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་པ་སྟེ། མིའི་རོ་མཐོང་བ་དེའི་རྐྱེན་གྱིས་འཆི་བ་ངང་གིས་དྲན་ཞིང་། རང་གི་ན་ཚོད་གཞན་དུ་འགྱུར་ཏེ་ཇེ་རྒུད་དུ་སོང་བ་ནས་བཟུང་རྒ་བའི་རྟེན་འབྲེལ་དང་། འབྱུང་བཞི་རིམ་གྱིས་བསྡུས་ནས་ཚེ་འདིའི་ཕུང་པོ་དང་། ཡིད་ཀྱི་རྣམ་ཤེས་གཉིས་འབྲེལ་ཐག་ཆད་པ་ན་ཤི་བའི་རྟེན་འབྲེལ་གྲུབ་པའོ། །
དེ་ཐམས་ཅད་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་བཞིས་དམ་དུ་བཟུང་བར་བྲིས་པ་ནི། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་སོང་བ་མེད་པ་དང༌། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར་ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་དུ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱངས་ཏེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བ་མཚོན་པ་དང་། སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྡུག་བསྔལ་མཐའ་དག་གིས་དབེན་པའི་ཞི་བ་མྱང་འདས་སམ། བདུད་བཞི་ཕྲ་རགས་མ་ལུས་པ་བཅོམ་པའི་སངས་རྒྱས་ཀྱི་གོ་འཕང་མཚོན་ལ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན། འཁོར་བའི་རྒྱ་མཚོའི་སྡུག་བསྔལ་གྱི་ཀློང་ནས་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས། སེམས་ཅན་ཀུན་གྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་དགོས་ཞེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན་ནོ། །
ཡང་བདེན་བཞིའི་བླང་དོར་མཚོན་པའི་དབང་དུ་བྱས་ན། འགྲོ་བ་རིགས་དྲུག་གི་སྣོད་བཅུད་ཀྱི་བཀོད་པས་སྡུག་བསྔལ་བདེན་པ་མཚོན། དབུས་ཀྱི་བྱ་སྦྲུལ་ཕག་གསུམ་གྱིས་ཉོན་མོངས་པའི་ཀུན་འབྱུང་དང་། ཟླུམ་སྐོར་གཉིས་པའི་ལམ་དཀར་ནག་གཉིས་ཀྱིས་ལས་ཀྱི་ཀུན་འབྱུང་མཚོན། མུ་ཁྱུད་སྟེང་གི་རྟེན་འབྲེལ་བཅུ་གཉིས་ཀྱིས་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་གཉིས་ཀྱི་དབང་གིས་སེམས་ཅན་རྣམས་འཁོར་བར་རྒྱུན་མ་ཆད་པར་འཁོར་ཚུལ་མཚོན། སྡུག་ཀུན་གྱི་བདེན་པ་སྟོན་པའི་འཁོར་ལོ་འཆི་བདག་གཤིན་རྗེའི་པང་དུ་གནས་ཤིང༌། མཆེ་བ་བཏབ་སྟེ་ཁ་དང་ལག་པས་དམ་པོར་བཟུང་བ་ནི་སྡུག་ཀུན་བདེན་པ་གཉིས་ལས་མ་ཐར་ཚུན་ཆད། འཆི་བདག་གཤིན་རྗེའི་ཁ་དང་ལག་པ་ལས་མ་ཐར་བར་འཁོར་བའི་རྒྱ་མཚོར་གནས་ཏེ་ལྷ་ལ་འཕོ་ལྟུང་དང༌། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆི། དུད་འགྲོ་ལ་གསོད་གཅོད་བཀོལ་རྡུང༌། ཡི་དྭགས་ལ་བཀྲེས་སྐོམ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོང་དགོས་པར་མཚོན་པ་ཡིན་ནོ། །
སྲིད་པ་འཁོར་ལོ་དེའི་བར་སྣང་གི་གཡས་ཕྱོགས་སུ་ཟླ་བ་ཉ་གང་བ་བྲིས་པ་དེ་ཐར་པ་དང་འགོག་པའི་བདེན་པ་མཚོན་ཞིང༌། སྟོན་པ་བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱག་གི་བརྡས་སྟོན་པ་དེས་བསླབ་པ་གསུམ་དང་ལམ་བདེན་མཚོན་པ་ཡིན། [ གཞན་ཟླ་བ་ཕྱག་གིས་སྟོན་པ་ནི་འགོག་བདེན་དེ་སྟོན་པ་སངས་རྒྱས་ཁོ་ན་རག་ལས་སོ་ཞེས་པའམ་སངས་རྒྱས་དེས་ཇི་ལྟར་བསྟན་པ་དེར་འགྲོ་བར་རིགས་སོ་ཞེས་མཚོན་པར་བྱེད་ཅིང་། ལམ་བདེན་མཚོན་ཕྱིར་དུ་འཁོར་ལོའི་འོག་ཏུ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ཏེ། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་པའི་ཚིགས་བཅད་འབྲི་བར་ཡང་རུང་ངོ་། ། ] འགོག་ལམ་གཉིས་ཀྱི་མཚོན་བྱེད་གཉིས་སྲིད་པ་དང་མ་འདྲེས་པར་ཟུར་དུ་ཕྱེས་ནས་བྲིས་པས་ཡིད་འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པས་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་བསླབ་པ་གསུམ་མཚོན་པའི་ལམ་གྱི་རིམ་པ་ཉམས་སུ་བླངས་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བསྟན་ཏོ། །འཁོར་ལོ་ཉིད་དུ་བྲིས་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། འཁོར་བའི་འགྲོ་བ་ལྔ་རྣམས་ཟོ་ཆུན་གྱི་འཕྲུལ་འཁོར་རམ་མགལ་མེའི་འཁོར་ལོ་ལྟར་ལྔ་ཕྱི་བར་མ་ཆད་དུ་འཁོར་བར་ཤེས་པའི་ཆེད་དུ་ཡིན་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་འཁོར་ལོའི་མཐར་བྲིས་པ་ནི་དེ་དག་ལས་བརྒལ་ན་འཁོར་བ་ལས་ཐར་ལ། དེ་དག་ལས་མ་བརྒལ་ན་འཁོར་བ་ལས་ནམ་ཡང་མི་འདའ་བར་ཤེས་པའི་ཕྱིར་ཡིན་ནོ། །