གངས་རིན་པོ་ཆེ།

གངས་ཏི་སེའམ་གངས་རིན་པོ་ཆེ་[ Kailash ] ནི། གངས་རིས་ཡོངས་སུ་བསྐོར་བའི་དབུས་ན་ཆགས་ཤིང་། སའི་གོ་ལའི་ལྟེ་བ་ཞེས་ཀྱང་འབོད། གངས་ཏི་སེ་དང་། རྨ་ཆེན་སྤོམ་ར། གཉན་ཆེན་ཐང་ལྷ། རོང་བཙན་ཁ་བ་དཀར་པོ་བཅས་ལ་གངས་རིའི་ལྗོངས་ཀྱི་གནས་ཆེན་བཞི་ཞེས་ཀྱང་འབོད་པར་གྲགས།

བོད་ཡུལ་སྤུ་ཧྲེང་གི་བྱང་རྒྱུད་དང་། མཚོ་མ་ཕམ་དང་ཁད་ཉེ་བར་ཡོད་ཅིང་། ཡོངས་གྲགས་སུ་གངས་རིན་པོ་ཆེའམ་སྟོད་གངས་རིན་པོ་ཆེར་བརྗོད། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་[ meter ]དྲུག་སྟོང་ལྷག་ཡོད་པ་དང་། གངས་སྐོར་ཐེངས་གཅིག་ལ་སྤྱི་ལེ་ལྔ་བཅུ་ང་གཉིས་དང་། གངས་རིའི་བསྐོར་ལམ་གྱི་གཙོ་གནད་སྒྲོལ་མ་ལ་ཡི་མཐོ་ཚད་ལ། སྨི་ལྔ་སྟོང་བདུན་བརྒྱ་ཉི་ཤུ་རྩ་གསུམ་དང་། སྔོན་ཆད་གངས་བསྐོར་ཆ་ཚང་གཅིག་ཐེབས་པར་ཉིན་ཁ་ཤས་འགོར་ཞིང་། དེང་སང་མགྱོགས་པ་ཚོས་ཉིན་གཉིས་དང་། མགྱོགས་དལ་རན་པོས་ཕྱིན་ན་ཉིན་གསུམ་ལ་བསྐོར་བ་གཅིག་ཐེབས་ཀྱི་ཡོད།
གངས་རི་འདི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བན་བོན་གྱི་ཆོས་པ་རྣམས་དང་། རྒྱ་གར་གྱི་མུ་སྟེགས་རིག་བྱེད་སྨྲ་བ་སོགས་ཆོས་ལུགས་ཚང་མས་རང་རང་སོ་སོའི་སྔོན་བྱུང་གི་ལོ་རྒྱུས་གཞིར་བཟུང་ནས་ཕྱག་མཆོད་བསྐོར་བ་བྱ་སྲོལ་ཡོད་ཅིང་། བོད་ཡུལ་དུ་གནའ་སྔ་མོ་ནས་གནས་རི་དང་གནས་མཚོ་སྐོར་བ་དང་། བོད་ཀྱི་གནས་ཆེན་པོ་ཐམས་ཅད་ལ་གནས་འདུས་ཞེས་གནས་སྒོ་ཕྱེ་ལོ་དང་བསྟུན་ཏེ་གནས་སྐོར་བྱེད་པའི་ལུགས་སྲོལ་ཡོད་ལ། ལོ་འཁོར་བཅུ་གཉིས་རེར་ཐེངས་རེ་འཁོར་བའི་རྟ་ལོ་སྐོར་ཆེན་ཞེས་གངས་རིན་པོ་ཆེའི་རང་ལོ་ཡིན།
འདི་ཉིད་བོད་ནུབ་ཁུལ་དང་། རྒྱ་གར། བལ་ཡུལ་བཅས་ཀྱི་ས་མཚམས་སུ་ཆགས་ཡོད། གངས་རི་འདི་ལ་ཀེ་ལཱ་ཤ་ [ཀཻ་ལཱ་ཤཿ  कैलास kailasa ] ཞེས་པ་ནི་ལེགས་སྦྱར་སཾསྐྲྀ་ཏའི་སྐད་དུ་ “ཤེལ་”ཞེས་པའི་དོན་ཅན་ཡིན་ལ། དེ་བཞིན་”ཏི་སེ”ཞེས་པ་ཡང་བསིལ་བའི་དོན་ལ་འཇུག་པར་བཤད།
ཡང་འགའ་རེས “ཏི་སེ་”ཞང་ཞུང་ཕྱོགས་ནས་ཆུ་ཡི་མིང་ཡིན་པས་ཆུ་ཡི་ཕུགས་ལྟ་བུ་ཞིག་ལ་གོ་ཆོག་ཚུལ་བཤད་པའང་ཡོད། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང་མངོན་པ་མཛོད་ནས་བཤད་པའི་གངས་རི་དེ། གངས་ཏི་སེ་ཡིན་པར་གཅིག་གྱུར་གྱིས་ཞལ་གྱིས་བཞེས་ཤིང་། དེ་ཡང་མདོ་སྡེ་ཕལ་པོ་ཆེ་དང་དྲན་པ་ཉེར་བར་བཞག་པའི་མདོ་སོགས་ནས་ཏི་སེར་རི་བོ་རྡོ་རྗེ་རྩེ་ལྔ་པའི་དབྱིབས་ཅན་ནམ་འཕང་དཔག་ཚད་ལྔ་བརྒྱ་ཡོད་པ་སོགས་གསུངས་པ་དང་། དེ་ལྟ་བུའི་གངས་རི་གང་ན་ཡོད་ན། ཆོས་མངོན་པ་མཛོད་ལས། འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་དེ་ནི་གངས་རིའོ། །ཞེས་སོགས་གསུངས་པའི་དོན་མཛོད་འགྲེལ་ལས། འཛམ་བུ་གླིང་འདི་ཉིད་ན་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། །
གངས་རི་དེའི་ཕ་རོལ་རི་སྤོས་ངད་ལྡན་གྱི་ཚུར་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་འབབ་པ་ཡོད་དོ། །ཞེས་པ་དང་། པད་མའི་ལུང་བསྟན་བཀའ་རྒྱ་མ་ལས། གངས་ཏི་སེ་ཤེལ་གྱི་མཆོད་རྟེན་འདྲ་བའི་ཤར་ཕྱོགས་སུ་ཟངས་ལུང་ཡོད་པར་གསུངས་པ་དང་། བློན་པོ་བཀའ་ཐང་ལས། རྡོ་རྗེ་གདན་ནས་བྱང་ཕྱོགས་བཅར་བ་ན། །རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ། །ཞེས་འབྱུང་བ་དང་། དཔལ་ལྡན་ཨ་ཏི་ཤ་མངའ་རིས་ཀྱི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གུ་གེར་གདན་དྲངས་སྐབས། ཏི་སེའི་མདུན་བར་ཁའི་ཐང་དུ་ཕེབས་སྐབས། ཇོ་བོ་རྗེའི་ཞལ་ནས། ཏི་སེའི་གངས་ནས་གནས་བརྟན་རྣམས་གདུགས་ཚོད་ཀྱི་གནྜི་རྡུང་བྱུང་། རང་རེ་ཡང་གུང་གི་དྲོ་གྱིས་ཤིག་ཅེས་གསུངས་པ་སོགས་རྒྱ་བོད་ཀྱི་པཎ་གྲུབ་མང་པོས་ཏི་སེ་ཞེས་པ་ནི་བོད་ཀྱི་གནས་འདི་ལ་ངོས་འཛིན་པ་ཡིན།
གངས་ཏི་སེའམ་གངས་རིན་པོ་ཆེ་ནི་ཨེ་ཤ་ཡའི་ཆུ་བོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པ་སྟེ། ཡར་ཀླུང་གཙང་པོ། སེང་གེ །ཆུ་ཀླུང་སུ་ཏ་ཛེ། གངྒཱའི་ཡན་ལག་ཀརྞ་ལི་རྣམས་ཡིན་ལ། གཙང་པོ་འདི་དག་ཚང་མ་ཀཻ་ལཱ་ཤའི་ས་ཁུལ་སྤྱི་ལེ་གྲུ་བཞི་མ་ ༢༣ ནས་འབབ་འགོ་བརྩམས་ཡོད། མ་ཕམ་གཡུ་མཚོའམ་མཱ་ན་ས་རཽ་ཝ་ར་ནི་གངས་ཆུས་གསོས་པའི་དྭངས་ཆུ་ཞིག་ཡིན་ལ། དེ་འཁྲིས་སུ་ཡོད་པའི་ལག་ངར་མཚོའམ་རཱཀྵ་ས་ཏཱ་ལ་ ཞེས་པའི་ཚྭ་ཆུའི་མཚོ་ཞིག་ཡོད་ལ། མཚོ་དེའི་ནང་དུ་མ་ཕམ་ཆུ་བཞུར་གྱི་ཡོད།
མངོན་པ་མཛོད་ཀྱི་གཞུང་དང་ཡོངས་གྲགས་ཀྱི་ངག་རྒྱུན་ལ། གངས་རི་འདི་ཉིད་རང་བྱུང་གི་མཆོད་རྟེན་གྱི་དབྱིབས་ཅན་དུ་ཡོད་པ་དང་། འཛམ་བུ་གླིང་གི་ཆུ་བོ་ཆེན་པོ་བཞིའི་ཆུ་འགོ་སྟེ། ཤར་ཕྱོགས་ཀྱི་བྲག་རྟའི་ཁ་འདྲ་བ་ནས་ཆུ་བོ་གངྒཱ་སྟེ་རྟ་མཆོག་ཁ་འབབ་དང་ནི། གངས་རི་ཏི་སེའི་ཤར་ངོས་ནས་འགོ་ཚུགས་ཏེ་སྐྱིད་གྲོང་གི་བྱང་རྒྱུད་ནས་རིམ་བཞིན་ལྷ་རྩེ། གཞིས་རྩེ། ཆུ་ཤུལ། དེ་ནས་ཀོང་སྟོད་བར་འབབ་པའི་མིང་ལ་ཡར་ཀླུང་གཙང་པོ་ཟེར། ཀོང་སྟོད་ནས་ཀོང་སྨད་རྒྱ་ལ་སེང་གཏམ་བར་དང་། དེ་ནས་རྒྱ་གར་ཨ་སམ་དུ་སླེབས་མཚམས་མིང་ལ་བྷ་རམ་པུར་རྟ་ཟེར། ཨ་སམ་ནས་ཁ་ནུབ་ཏུ་ཕྱོགས་ཏེ་བྷང་གྷ་ལའི་རྒྱལ་ཁབ་ཀྱི་བྱང་ངོས་ནས་ལྷོར་གཏད་དེ་ཀ་ལི་ཀ་ཏའི་ཤར་ཕྱོགས་ཀྱི་མཚོ་འགག་ནས་རྒྱ་གར་རྒྱ་མཚོར་འབབ། ལྷོ་ཕྱོགས་ཀྱི་བྲག་རྨ་བྱའི་ཁ་འདྲ་བ་ནས་ཆུ་བོ་པཀྵུ་སྟེ་རྨ་བྱ་ཁ་འབབ་ནི། གངས་རི་ཏི་སེའི་ལྷོ་ཕྱོགས་སུ་ཁ་གཏད་དེ་བལ་ཡུལ་གྱི་ནུབ་ཕྱོགས་བར་དང་། དེ་ནས་ཁ་ལྷོར་ཕྱོགས་ཏེ་རྒྱ་གར་དུ་སླེབས་མཚམས་སླར་ཡང་ཤར་ལྷོའི་ངོས་སུ་གཏད་ནས་ཀ་ལི་ཀ་ཏའི་ཤར་ཕྱོགས་ཀྱི་མཚོ་འགག་ནས་རྒྱ་གར་རྒྱ་མཚོ་དང་འདྲེས། ནུབ་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་སིན་དྷུ་སྟེ་གླང་ཆེན་ཁ་འབབ་ནི། གངས་རི་ཏི་སེའི་ནུབ་ཕྱོགས་ནས་ཀསྨིརའི་ཡུལ་གྱི་བར་ཁ་ནུབ་ཏུ་གཏད་ནས་འབབ་ཅིང་། དེ་ནས་པ་ཀི་སི་ཐན་གྱི་བྱང་ངོས་ནས་ལྷོ་ནུབ་ཕྱོགས་སུ་ཁ་གཏད་དེ་རྒྱལ་ས་ཁ་ར་ཆིའི་མཚོ་འགག་ཏུ་ཨ་རབ་རྒྱ་མཚོར་འདྲེས། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏཱ་སྟེ་སེང་གེ་ཁ་འབབ་ནི། གངས་རི་ཏི་སེའི་བྱང་ངོས་ནས་འགོ་ཚུགས་ཏེ་རྩ་བྲང་བཀྲ་ཤིས་སྒང་ལ་མ་སླེབས་བར་ནུབ་བྱང་ངོས་སུ་ཁ་གཏད་ནས་འབབ་ཅིང་། དེ་ནས་གླང་ཆེན་ཁ་འབབ་ཀྱི་ཆུ་དང་འདྲེས་ནས་ཁ་ཆེའི་ཡུལ་བར་སླེབས། དེ་ནས་སླར་ཡང་གླང་ཆེན་ཁ་འབབ་དང་ཁ་བྲལ་ནས་ཨབ་གྷན་སི་ཐན་གྱི་བྱང་ཕྱོགས་བརྒྱུད་དེ་ཚྭ་མཚོར་འདྲེས་པ་བཅས་ཡིན།
གནས་ཁྱད་པར་ཅན་འདི་ནས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་(1143–1217)ནས་རྗེ་དཀོན་མཆོག་ཕན་བདེ་ཉི་མའི་བར། གངས་ཏི་སེའི་རིག་པ་འཛིན་པ་མཁན་རྡོར་འཛིན་དང་འབྲི་གུང་པའི་གྲུབ་མཐའ་འཛིན་པའི་དགེ་འདུན་གྱི་སྡེ་བར་མ་ཆད་པ་བྱུང་། ཁྱད་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་སྒྲུབ་གནས་སུ་གྱུར་ཚུལ་ནི། རྗེ་ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ (1012–1097) ཀྱིས་ལུང་བསྟན་པ་ལྟར་རྗེ་བཙུན་མི་ལ་རས་པས་ (1040–1123) གནས་འདིར་སྒྲུབ་པ་ཡུན་རིང་མཛད། དེ་བཞིན་དུ་འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ (1175–1255) དང་། གྲུབ་ཐོབ་སེང་གེ་ཡེ་ཤེས་ (1181–1255) རྒོད་ཚང་པ་མགོན་པོ་རྡོ་རྗེ་ (1189-1258)སོགས་གཙོ་བོ་འགྲོ་མགོན་བཀའ་རྒྱུད་པའི་བསྟན་པ་རྒྱ་ཆེར་དར། གཞན་ཡང་དགེ་ལྡན་པའི་སྐྱེས་ཆེན་པཎ་ཆེན་བློ་བཟང་ཆོས་རྒྱན་ (1570–1662) དང་། རྙིང་མའི་གྲུབ་ཆེན་ཞབས་དཀར་ཚོགས་དྲུག་རང་གྲོལ་ (1781–1851) སོགས་མཁས་གྲུབ་མང་པོས་ཞབས་ཀྱིས་བཅགས་མྱོང་བའི་གནས་ཁྱད་པར་ཅན་ཞིག་ཡིན། གངས་ཏི་སེའི་སྟེང་གི་ཨ་ཕུག་ཏུ་གྲགས་པ་ནི་རྗེ་མི་ལས་བྲུས་ཤིང་ཨ་ཡིག་བཀོད་པར་བཤད་ལ། ཏི་སེའི་མདུན་གྱི་ལ་སྔགས་ཞེས་བྱའི་མཚོ་ཆེན་པོ་མི་ལྤགས་ཀྱི་གཡང་གཞིའི་རྣམ་པ་ཅན་ཞིག་ཡོད་པ་ནི། ཇི་སྐད་དུ། སྲིན་ཡུལ་ལངྐ་པུ་རི་ན། །དུག་མཚོ་ནག་པོ་མེ་རེ་རེ། །ཞེས་གསུངས་པ་ལྟར་ཡེ་ཤེས་མགོན་པོ་བེང་ཆེན་ལྕམ་དྲལ་གྱི་ཕོ་བྲང་ཡིན་པར་གསུངས།
ཏི་སེའི་ཕྱོགས་བཞི་ན་ཡོད་པའི་ཞབས་རྗེས་བཞི་ནི་མགོན་པོ་བེང་གིས་གངས་ཏི་སེ་འདི་ཀླུ་ཡུལ་དུ་གདན་འདྲེན་པར་བྱའོ་སྙམ་ནས་རྫུ་འཕྲུལ་གྱིས་ཏི་སེའི་སྐེད་པ་ལ་ཐག་པ་བརྒྱབ་ནས་འཁུར་བར་བརྩམས་པ་ན། རྒྱ་གར་འཕགས་པའི་ཡུལ་ནས་སྟོན་པ་འཁོར་བཅས་ངང་པའི་རྒྱལ་པོ་བཞིན་འཕུར་ནས་ཕེབས་ཏེ་ཕྱོགས་བཞི་ལ་ཞབས་རྗེས་རེ་བཀོད་པས་གདན་འདྲེན་མ་ནུས་པར་ལུས་པས། ད་ལྟའང་དེ་བཞི་ལ་ཏི་སེ་མི་འགྱུར་བའི་གཟེར་བཞི་ཞེས་གྲགས། ཧིན་དྷུ་ཆོས་ལུགས་ཁྲོད་དུ་སྲོལ་རྒྱུན་ལྟར་ན། གངས་ཏི་སེ་ནི་ལྷ་ཆེན་པོ་ཞི་བའའ་དབང་ཕྱུག་ཆེན་པོ་ཡི་བཞུགས་གནས་ཡིན་པ་དང་། ཁོང་དང་ལྷན་དུ་བཙུན་མོ་པརྦ་ཏི་དང་སྲས་ག་ནེ་ཤ་དང་ཀར་ཏི་ཀེ་ཡ་རྣམས་ཀྱང་བཞུགས་པར་ཡིད་ཆེས་བྱེད་ཀྱི་ཡོད།
རྒྱ་གར་གྱི་གཏན་རྒྱུད་གྲགས་ཅན་ར་མ་ཡ་ནའི་རྟོག་བརྗོད་ནང་གི་ཨུཏྟ་ར་ཀནྡ་ཞེས་པའི་ཚན་པའི་ནང་གསལ་ལྟར་ན། རྒྱལ་པོ་རཱ་ཝ་ཎ་ ནའམ་སྲིན་པོ་ལངྐ་མགྲིན་བཅུ་ཡིས་ལྷ་དབང་ཕྱུག་ལ་འཁོན་ལན་སློག་པའི་ཆེད་དུ་གངས་རི་ཏི་སེ་རྩ་མེད་དུ་གཏོང་རྩིས་བྱས་ཀྱང་། ལྷ་ཆེན་དབང་ཕྱུག་གིས་རྐང་གཡས་ཀྱི་མཐེ་མོས་མནན་ཏེ་བདུད་ཀྱི་ལམ་བཀག་པར་བཤད། དེ་བཞིན་མ་ཧཱ་བྷཱ་ར་ཏ་དང་ཝིཥྞུ་པུ་རཱ་ཎ་སོགས་སུ་གངས་ཏི་སེའི་སྐོར་རྒྱ་ཆེར་འབྱུང་། གཅེར་བུ་པའམ་ཇེན་གྱི་གསུང་རབ་ལྟར་ན། ཨཤྟ་པ་ད་ནི་ཏཱིརྠཾ་ཀ་ར་ཞེས་ཇེན་གྱི་བླ་རབས་ནང་གི་ཆེས་ཐོག་མ་དྲང་སྲོང་རྀཥ་བྷ་དེ་བླཱུ་མཆོག་ཐར་པའམ་གྲོལ་བ་ཐོབ་པའི་གནས་ཡིན་པར་འདོད། དེ་ཡང་རྒྱལ་བ་པའི་ལུགས་ལ། རྀཥ་བྷ་དེ་ན་ཐ་མྱ་ངན་ལས་འདས་པའི་རྗེས་སུ་དེའི་སྲས་རྒྱལ་པོ་བྷ་ར་ཏས་ཡུལ་དེར་མཆོད་རྟེན་གསུམ་དང་། གནས་ཉེར་ལ་ཏིརྠི་ཀའི་ལུགས་ཀྱི་མཆོད་ཁང་ཉེར་བཞི་བཞེངས་ཤིང་། དེ་དག་གི་སྐུ་གཟུགས་ལ་རིན་པོ་ཆེས་སྤྲས་ཏེ་སིཾཧ་ནི་ཤིདྡྷ་ཞེས་མིང་བཏགས་ཞེས་འཁོད་ཡོད་པ་སོགས་མདོར་ན།
གནས་རི་འདི་ནི། བསྐལ་པ་དང་པོ་ཆགས་པའི་ལྷ་དབང་ཕྱུག་གི་བླ་རི་ཡིན་ལ། ལྷ་ཆེན་ཚངས་པ་དཀར་པོ་དང་ལྷ་ཁྱབ་འཇུག་གི་གནས་ཀྱང་ཡིན་པས་ཧིན་དྷུའི་ཆོས་ལུགས་སོགས་རྒྱ་གར་གྱི་ཆོས་ལུགས་ཁག་གི་གནས་རྩ་ཆེན་ཡིན་པ་དང་། རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་ཀྱང་གངས་རི་འདིའི་འདབས་ནས་བྱུང་ཞིང་། རང་རེའི་གཡུང་དྲུང་བོན་གྱིས་སྟག་གཟིག་འོལ་མོ་ལུང་རིང་གི་ལྟེ་བའང་གངས་འདི་ལ་ངོས་བཟུང་བ་དང་། སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་དག་གིས་གངས་རི་འདི་ཉིད་མངོན་པ་མཛོད་ནས་བཤད་པའི་གངས་རི་ཏི་སེ་ཡིན་པ་དང་ཡི་དམ་བདེ་མཆོག་གི་དཀྱིལ་འཁོར་དུ་བརྩིས་ལ། བཤད་སྲོལ་གཞན་ཞིག་ལ་སྟོན་པ་ཤཱཀྱ་ཐུབ་པ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་གངས་རིན་པོ་ཆེའི་སྐུ་དྲུང་དུ་ཕེབས་ཏེ། ཆོས་ཁྲི་བཏབ་ཅིང་བཀའ་ཆོས་གསུངས་པ་གོང་དུ་སོང་ཟིན་པ་ལྟར་དང་། ཆོས་ལུགས་ཞིབ་འཇུག་པ་ཁག་ཅིག་གི་བརྩམས་ཆོས་སུ་ཡེ་ཤུ་མ་ཤི་ཀ་ཡང་གངས་རི་འདིའི་དྲུང་དུ་ཕེབས་ཏེ་ལྷ་ཆེན་དབང་ཕྱུག་མཇལ་བས་སྙིང་རྗེ་ཆེན་པོ་འཁྲུངས་ཏེ་གྲུབ་པ་ཐོབ་པར་བཤད་པ་སོགས་ཡོད་དོ། །རྒྱུད་སྨད་དྲ་ངོས་རྩོམ་སྒྲིག་པས་༢༠༢༤།༠༧།༡༢།ལ།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)