བྱེས་སུ་རྒྱུད་སྨད་གྲྭ་ཚང་།

སྤྱི་ལོ་ ༡༩༥༩ ལོར་བོད་ཡུལ་དུ་དུས་འགྱུར་བྱུང་སྐབས་སུ་མོན་ཡུལ་དང་འབྲུག་ཡུལ་བརྒྱུད་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་གང་འཚམ་ཞིག་རྒྱ་གར་དུ་ཕེབས་འབྱོར་བྱུང་བ་རྣམས། ཐོག་མར་ཆོས་བརྒྱུད་རིས་མེད་ཀྱི་བླ་གྲྭ་སྤྱི་མཚུངས་ལྟར་རྒྱ་གར་ཤར་ཕྱོགས་སྦག་ས་ཞེས་པར་དུས་ཡུན་ཐུང་ངུ་ཙམ་བཞུགས་ཡོད་པ་དང་། དེ་ནས་ལོ་དེའི་ཟླ་བ་དྲུག་པའི་ནང་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཌལ་ཧོ་སི་ཞེས་པའི་ས་ཁུལ་དུ་གནས་སྤོས་གནང་བར་བཤད་ལ། སྐབས་དེར་རྒྱ་གར་དུ་ཕེབས་འབྱོར་བྱུང་བའི་ཁུངས་སུ། སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། [ སྐུ་ཞབས་བླ་མ་ཕེབས་ཐུབ་མེད། ] བླ་མ་དགེ་བསྐོས། རྒན་བུ་ཕྲུག །རྒན་ཉི་མ། རྒན་འཆི་མེད། རྒན་བློ་བཟང་འཕེལ་རྒྱས་སོགས་བླ་གྲྭ་དགེ་འདུན་པ་ཞལ་གྲངས་ཉིས་བརྒྱ་ལྷག་ཙམ་ལྷན་འཛོམས་བྱུང་ཞིང་།

གནས་དེར་མཐུན་རྐྱེན་གྱི་ཆེད་དུ་དགེ་འདུན་པ་རྣམས་ཀྱིས་རུམ་འཐག་གི་བཟོ་གྲྭ་བཙུགས་ཏེ་རུམ་གདན་འཐག་ལས་བྱེད་དགོས་བྱུང་ཡོད་པ་དང་། གནས་དེར་སྤྱི་ལོ་ ༡༩༧༢ བར་ལོ་ངོ་བཅུ་གསུམ་བཞུགས་རིང་། དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱིས་མཚོན་གསང་སྔགས་ཀྱི་ཆོས་འཆད་ཉན་དང་། ཆོ་ག་ཕྱག་ལེན་སོགས་སྔར་སྲོལ་མི་ཉམས་རྒྱུན་འཛིན་གནང་།

བྱེས་སུ་རྒྱུད་སྨད་གྲྭ་ཚང་།

དེ་ནས་ ༧ གོང་ས་མཆོག་དང་རང་གཞུང་གི་བཀའ་འབྲེལ་ལྟར། རྒྱ་གར་དབུས་སའི་གཞུང་དང་། རོགས་ཚོགས་ཁག་གི་རོགས་རམ་ལས། སྤྱི་ལོ་ ༡༩༧༢ ལོའི་སྤྱི་ཟླ་ ༧ པའི་ནང་ཌལ་ཧོ་ནས་ཕེབས་ཐོན་གྱིས་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གནས་སྤོ་གནང་། གཞིས་ཆགས་སུ་མ་ཕེབས་གོང་གནས་བརྟན་རྒན་རབས་རྣམས་ནས་ཐུགས་འཁུར་ཆེར་བསྐྱེད་ཀྱིས་མ་འོངས་བསྟན་པའི་བརྒྱུད་འཛིན་པར་དགོངས་བཞེས་གནང་སྟེ། ས་གནས་གང་ས་ནས་བསྡུ་སྐོང་གིས་གྲྭ་རྒྱུན་གསར་པ་སུམ་ཅུ་ལྷག་ཙམ་གྲྭ་ཚང་དུ་སྒྲིག་ཞུགས་བྱེད་བཅུག་སྟེ་སྐྱེད་སྲིང་གནང་། གཞིས་ཆགས་སུ་གནས་སྤོར་སྐབས་གྲྭ་རྒྱུན་གསར་ཞུགས་བཅས་ཁྱོན་བསྡོམས་དགེ་འདུན་ཞལ་གྲངས་ ༣༧༠ ལྷག་ཡོད་ཅིང་། དགེ་འདུན་པ་རྣམས་ཀྱིས་གཞིས་ཆགས་སུ་ཤིང་ནགས་གཙང་བཟོ་དང་ས་རྒོད་ཞིང་སར་བསྒྱུར་ཅིང་ས་ཞིང་འདེབས་ལས། འོ་མ་དང་མཐུན་རྐྱེན་ཆེད་སྒོ་ཕྱུགས་གསོ་སྐྱོང་སོགས་དུས་བསྟུན་སྐབས་བབ་གཞིས་ཆགས་ཀྱི་ཕྱག་ལས་ཁག་ཆ་ཚང་མི་མང་སྤྱི་མཚུངས་ལྟར་གནང་ཞིང་། སྐབས་དེའི་གཞིས་ཆགས་ཀྱི་གྲོང་མིའི་ཁང་པ་རྣམས་ཀྱི་རྩིག་རྨང་ཀྱི་ས་དོང་ཚང་མ་དགེ་འདུན་པ་རྣམས་ཀྱིས་དྲུས་པ་དང་། རུམ་འཐག་བཟོ་གྲྭ་འཛུགས་པ་སོགས་སྐུ་ངལ་ཚད་མེད་བསྐྱོན་པ་དང་། དཀའ་ངལ་གང་མང་ལ་གདོང་ལེན་གནང་དགོས་བྱུང་ཡོད་ན་ཡང་། ཆོས་འཆད་ཉན་དང་ཆོ་ག་ཕྱག་ལེན་སོགས་སྔར་སྲོལ་མི་ཉམས་རྒྱུད་འཛིན་གནང་། སྤྱི་ལོ་ ༡༩༧༩ ནས་ཁྲི་ཟུར་རི་རྫོང་སྲས་རིན་པོ་ཆེ་མཆོག་གྲྭ་ཚང་གི་མཁན་ཁྲིར་ཕེབས་སྐབས་གཙོ་བོ་ ༧ གོང་ས་རྒྱལ་བའི་དབང་པོ་མཆོག་གི་བཀའ་དགོངས་བཞིན་དཔལ་ལྡན་སྨད་རྒྱུད་པའི་གསར་བུ་བ་རྣམས་ཀྱི་ཆེད་གནས་དུས་དང་བསྟུན། ཕྱི་ནང་གི་སློབ་སྦྱོང་གི་ཆེད་སློབ་གྲྭ་གསར་འཛུགས་ཀྱི་འགོ་ཚུགས། སྤྱི་ལོ་ ༡༩༨༡ ནས་ད་ལྟའི་ [ ༢༠༢༣ ] ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་སྨད་རྒྱུད་པའི་བླ་མ་དབུ་མཛད་ཀྱི་སྐབས། གྲྭ་རྒྱུན་གསར་བུ་བ་རྣམས་ལ་སྔོན་སྲོལ་རྒྱུད་འཛིན་གྱི་སྟེང་མཚན་ཉིད་ཀྱི་སྔགས་ཀྱི་གཞུང་ཆེན་སློབ་གཉེར་དང་། མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་ལྔ་དང་། ཕྱི་ནང་གི་སྐད་ཡིག་སོགས་དང་ཐུན་མོང་རིག་གནས་དང་། དེང་རབས་ཀྱི་ཤེས་ཡོན་བཅས་སློབ་སྦྱོང་བྱེད་སའི་སློབ་གྲྭ་དེ་སྔ་མཁན་པོ་གོང་མའི་སྐབས་ནས་ཡོད་པ་དེ་རྒྱ་བསྐྱེད་དང་རྣམ་གྲངས་མང་དུ་བཏང་སྟེ་ཡར་རྒྱས་གོང་འཕེལ་དང་གཞི་རྩ་བརྟན་པོ་ཚུགས་པར་མཛད། སྤྱི་ལོ་ ༡༩༨༣ ལོར་སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་དུ་ཆིབས་ཞབས་བསྒྱུར་ཏེ་གྲྭ་ཚང་དུ་སྦས་དོན་ཀུན་གསལ་གྱི་བཀའ་ཁྲིད་གནང་།

སྤྱི་ལོ་ ༡༩༨༨ ནས་ད་ལྟའི་ [ ༢༠༢༣ ] བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་གྲྭ་ཚང་གི་མཁན་ཁྲིར་ཕེབས་སྐབས། གྲྭ་རྒྱུན་གསར་ཞུགས་རྣམས་ལ་ཕྱི་ནང་ཤེས་ཡོན་གྱི་ཆེད་སློབ་གྲྭ་ཟུར་ཡོད་ལ་ཤུགས་སྣོན་གང་ཆེ་བསྐྱངས་པ་དང་། སྨད་རྒྱུད་པའི་འདུ་ཁང་ཆེན་མོ་དང་། མཚམས་ཁང་། མགྲོན་ཁང་སོགས་ཕྱིའི་སྣོད་ཀྱི་བཀོད་པ་དང་མཐུན་རྐྱེན་མང་དག་ཅིག་གསར་བསྐྲུན་གནང་། སྤྱི་ལོ་ ༡༩༨༧ ནས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་རྡོ་རྗེ་བཀྲ་ཤིས་མཆོག་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་སྐབས་ ༧ རྒྱལ་བའི་བཀའ་དགོངས་བཞིན་རྒྱུད་ཞུགས་དགེ་བཤེས་རྣམས་ལ་སྔགས་ཀྱི་སློབ་གཉེར་གཤའ་མ་ཡོང་སླད་དཔེ་ཁྲིད་དང་རྩོད་རྒྱུགས་དམ་བཅའ་ཚོགས་རྒྱུའི་སྒྲིག་སྲོལ་གསར་གཏོད་གནང་ཞིང་། བསྐྱེད་རིམ་པ་གསར་བུ་རྣམས་ལ་མཚན་ཉིད་ཀྱི་སློབ་གཉེར་ལ་ཤུགས་སྣོན་མཛད་དེ་ཡར་རྒྱས་སུ་བཏང་ཞིང་། ཁོང་ཉིད་མཁན་པོའི་སྐབས་དབྱར་གནས་ཀྱི་སྐབས་ཁྲིད་ཁང་གི་སྒྲིག་འཛུགས་མི་ཉམས་གོང་འཕེལ་དང་། ཁྲིད་ཆེན་བརྒྱད། ཁྲིད་ཁང་བརྩི་བཞག་གནང་རྒྱུ། སྔར་སྲོལ་ཁྲིད་ཁང་གི་འདུན་པ་ལེན་རྒྱུ་སོགས་འདུལ་བའི་ཕྱག་སྲོལ་མི་ཉམས་གོང་འཕེལ་མཛད་པ་དང་།༧ སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གདན་ཞུས་ཀྱིས་སྐྱ་སེར་མང་པོར་དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱི་བཛད་ཁྲིད་ཐོབ་པའི་སྐལ་བཟང་བྱུང་། 

སྤྱི་ལོ་ ༡༩༨༩ ལོ་ནས་གཞིས་ཆགས་ཀྱི་ཕྱག་ལས་ཇེ་ཉུང་དུ་བཏང་སྟེ་ཆོས་སྤྱོད་ཉམས་བཞེས་གོང་འཕེལ་དུ་ཕྱིན་པ་དང་། དེ་ནས་རིམ་བཞིན་ལེགས་བཅོས་གནང་ཞིང་། གྲྭ་ཚང་འདི་ཉིད་ཀྱི་བསྟན་པའི་སྦྱིན་བདག་ཉི་ཧོང་བ་ཧེ་རུ་ཀ་གཙོས་ཕྱི་ནང་དད་ལྡན་སྦྱིན་བདག་ཁག་གི་རོགས་སྐྱོར་ལས་ད་ལྟའི་ཆར་བཤད་སྒྲུབ་ཉམས་བཞེས་ཁོ་ན་ལས་ཞིང་ལས་ཀྱི་ཕྱག་ལས་སོགས་གནང་མི་དགོས་པ་བྱུང་།

༡༩༩༨ ལོའི་སྤྱི་ཟླ་དང་པོའི་ནང་དུ་སྤྱི་ནོར་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་འདི་གར་ཆིབས་བསྒྱུར་བསྐྱངས་ཏེ་ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་དབང་དང་བླང་དོར་བཀའ་སློབ་གནང་ཞིང་སྐབས་དེར། སྤྱི་ཚེས་ ༦ ནས་དགུའི་བར་རྒྱལ་སྤྱིའི་གསང་སྔགས་ཀྱི་ཚོགས་འདུས་སམ་བགྲོ་གླེང་ཆེན་པོ་ཞིག་ཀྱང་གྲྭ་ཚང་འདིར་སྐོང་ཚོགས་གནང་ཞིང་། ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བགྲོ་གླེང་དབུ་འབྱེད་དང་ལམ་སྟོན་བཀའ་སློབ་སྩལ།

སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༩ ཚེས་ ༢༠ ཉིན་ ༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱུད་སྨད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཏེ་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་བཀའ་ཁྲིད་གནང་སྐབས། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག་བླ་མ་དབུ་མཛད་དུ་བསྐོ་བཞག་གི་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་བྱུང་བ་ལྟར། ཁོང་ཉིད་བླ་མ་དབུ་མཛད་ཀྱི་སྐབས། རྒྱུད་པའི་སྒྲིག་ཡིག་ཆེན་མོར་སྣོན་འཕྲི་ལེགས་བཅོས་དགོས་པའི་བཀའ་ཁྱབ་གནང་དོན་བཞིན་ལེགས་བཅོས་ལྷན་ཚོགས་བསྐྱངས་ཏེ་ལེགས་གྲུབ་བྱུང་། གཞན་གདན་ས་ཁག་ནས་ཆོས་ཐོག་བསྐོར་དུ་ཕེབས་པའི་དགེ་བཤེས་རྣམས་བདུན་རེར་དམ་བཅའ་རེ་ཚོགས་རྒྱུ་དང་། དགེ་འདུན་བསྟར་ཆགས་སུ་བསྙེན་ཆེན་བཞུགས་པའི་ལམ་སྲོལ་གསར་འཛུགས་གནང་ཞིང་། སྔགས་རམས་རྒན་པ་ཚོར་གྲྭ་ཤག་དམིགས་བསལ་སྤྲོད་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་སློབ་གཉེར་བ་འཕར་མ་གསར་གཏོད་། འདུས་མང་སྤྱི་ཐབ་དཀར་ཟས་བསྟེན་པའི་སྲོལ་བཟང་བཙུགས། 

མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཕན་བདེ་མཆོག་མཁན་པོ་ལས་ཐོག་སྐབས། མཁན་ཐོག་རིམ་པའི་འཆད་ཉན་གྱི་ཁོངས་སུ་རྗེ་བཙུན་ཤེས་རབ་སེང་གེའི་རྒྱུད་ཊཱིཀ་ལུང་རྒྱུན་གནང་དགོས་པའི་ཕྱག་སྲོལ་གསར་འཛུགས་གནང་། བླ་མ་སྤྱན་རས་གཟིགས་ཀྱིས་ལམ་སྟོན་བཀའ་སློབ་སྔ་ཕྱི་རིམ་ཕེབས་ལྟར། སྐབས་དེའི་གྲྭ་ཚང་ཕྱག་མཛོད་རྣམ་པ་དང་གྲོས་བསྡུར་གྱིས་བསྐྱེད་རིམ་པ་སྔགས་རམས་ཐོན་རིམ་བཞིན་ལོ་ལྟར་ཕྱིར་མིག་ལུང་ཆོས་ཐོག་རིང་། ལམ་རིམ་བསྐྱེད་རྫོགས་སོགས་ཀྱི་སྒོམ་སྒྲུབ་ཀྱིས་མཚམས་ལ་བཞུགས་དགོས་པའི་སྤྱི་མོས་སྒྲིག་གཞི་གཏན་འབེབས་གནང་བ་ལྟར་དེ་ལྟར་གནང་མུས་སུ་ཡོད།

གྲྭ་ཚང་རང་གིས་སྔོན་ནས་གསོལ་འདེབས་ཞུས་འབྲས་ལ་ ༢༠༡༥ ལོའི་སྤྱི་ཟླ་ ༩ པའི་ཚེས་ ༡༢ ཉིན་ ༧ སྤྱི་ནོར་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཏེ། སྔོན་འགྲོའི་གསུང་ཆོས་རྟེན་འབྲེལ་བསྟོད་པ། རྟོགས་བརྗོད་འདུན་ལེགས་མ། ཅོ་ནེ་བླ་མའི་སྤེལ་མར་བསྟོད་པ། ལྟ་ཁྲིད་དྲན་པ་བཞི་ལྡན་བཅས་བཀའ་དྲིན་སྩལ་ཏེ། དངོས་གཞི་དཔལ་གསང་བ་འདུས་པའི་རྡུལ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་བཀའ་དབང་དང་། སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་བཤད་ལུང་བཅས་ཀྱི་ཆོས་འབྲེལ་དང་། མཇུག་ཏུ་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཤིང་། མ་བསྒྲིགས་ལྷུན་གྲུབ་ཀྱིས་ ༧ མགོན་པོ་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༧ འཁོར་བའི་དུས་དྲན་སྟབས་ཁེལ་བྱུང་བར་གྲྭ་ཚང་དུ་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུའི་སྐལ་བཟང་བྱུང་། 

མདོ་སྔགས་གཞུང་ཆེན་ཁག་གི་རྩ་བ་དང་། སྔོན་གྱི་ཕྱོག་སྲོལ་ལ་བདེ་གསང་འཇིགས་གསུམ་གྱི་ཆོ་ག་སོགས་བློ་འཛིན་དགོས་པ་ཧ་ཅང་མང་བས། སྤྱི་ལོ་ ༢༠༡༥ ལོའི་སྤྱི་ཟླ་ ༡༢ ཚེས་ ༡༠ བློ་འཛིན་ཁང་གསར་བཞེངས་བྱས་པ་གྲུབ་སྟེ་གྲྭ་ཚང་གི་གནས་བརྟན་སྐུ་བགྲེས་རྣམ་པས་རབ་གནས་དང་དབུ་འབྱེད་གནང་ཞིང་། དེར་གཟིགས་ཞིབ་པས་གཟིགས་རྟོག་དང་ཉིན་རེའི་བློ་འཛིན་རྒྱུགས་སྤྲོད་རྒྱུགས་ལེན་གནང་བཞིན་པའོ། །

༢༠༡༦ ལོར་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་གསོལ་འདེབས་ཞུས་དོན་ལྟར། གྲྭ་ཚང་དུ་རྒྱུད་ཀྱི་ཊཱིཀྐའི་བཤད་ལུང་བཀའ་དྲིན་སྩལ།

མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ལྷུན་གྲུབ་མཁས་བཙུན་ [ རྒན་དབང་འདུས། ] མཆོག་མཁན་པོ་ལས་ཐོག་སྐབས་ཆོས་འཆད་ཉན་དང་སློབ་གཉེར་ཆོ་ག་ཕྱག་ལེན་མི་ཉམས་རྒྱུན་འཛིན་ཡོང་བ་དང་། དཔལ་འབྱོར་གྱི་འགྲོ་ལུགས་སོགས་དུས་བསྟུན་བཅོས་བསྒྱུར་གནང་ཞིང་། ༢༠༢༠ ལོར་རྒྱ་ནག་གི་ནད་ཡམས་ཀྱིས་ཐེམ་སྤངས་བཀའ་རྒྱའི་འོག་གནས་སྐབས་གྲྭ་ཚང་གི་ལས་དོན་ཆེན་ཚོགས་འདུ་སྐོང་ཚོགས་སོགས་སྟབས་བདེ་མིན་གྱིས་ལས་སྣེ་ལྷན་ཚོགས་གསར་འཛུགས་གནང་ཞིང་། དེང་སྐབས་ཀྱང་གྲྭ་ཚང་གི་ལས་དོན་ཆེ་ཕྲ་ཚང་མ་ལས་སྣེ་ལྷན་ཚོགས་ཀྱིས་ཐག་གཅོད་གནང་བཞིན་ཡོད་ལ། སྐབས་དེར་ཤེས་ཡོན་སློབ་གཉེར་ཡར་རྒྱས་གོང་འཕེལ་དང་ཚགས་ཚུད་འོང་སླད་ཤེས་ཡོན་གོང་འཕེལ་སོགས་ཀྱི་ཆེད་དུ་ཤེས་ཡོན་ལྷན་ཚོགས་ཀྱང་གསར་འཛུགས་གནང་ཡོད་པ་དང་། སྤྱི་དངུལ་བདག་གཉེར་ཚགས་ཚུད་དང་བེད་སྤྱོད་ཆུད་ཟོས་སུ་མི་འགྲོ་བ་སོགས་ཀྱི་ཆེད་དུ་དངུལ་གཉེར་ཀྱང་བསྐོ་བཞག་གནང་ཡོད།

གཞན་གདན་ས་ཁག་ནས་ལོ་ལྟར་དགེ་བཤེས་མང་པོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་སོགས་སློབ་གཉེར་གྱི་ཆེད་དུ་ཕེབས་བཞིན་ཡོད་པ་ལྟར། དགེ་བཤེས་རྣམ་པར་རྒྱུད་གྲྭ་རྣམས་དང་གཅིག་མཚུངས་ཀྱིས་བཞུགས་ཤག་བཀོད་སྒྲིག་དང་། འཚོ་བའི་མཐུན་རྐྱེན་སོགས་དང་། སྐུ་སྙུང་སོགས་བྱུང་ཚེ་གཟིགས་རྟོགས་དང་སྨན་ཡོན་སོགས་གཉུག་མར་གནས་པའི་གྲྭ་ཚང་གི་དགེ་འདུན་པ་རྣམས་དང་གཅིག་མཚུངས་སུ་སྦྱོར་བཞིན་ཡོད་ཅིང་། ལོ་རེར་རྒྱུད་ཞུགས་བྱེད་མཁན་གྱི་དགེ་བཤེས་ཇེ་མང་དུ་འགྲོ་བཞིན་པར་དམིགས་ཏེ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་དབང་འདུས་མཆོག་དང་། ད་ལྟའི་བླ་མ་དབུ་མཛད་རྗེ་བཙུན་ངག་དབང་སངས་རྒྱས་རྣམ་གཉིས་ཀྱི་འབྲེལ་ལམ་མཛད་འབྲས། རྒྱུད་ཞུགས་དགེ་བཤེས་རྣམས་ཀྱི་བཞུགས་ཤག་དང་། རྒྱུད་གྲྭ་རྒན་པ་རྣམས་ཀྱི་བཞུགས་ཤག་ཐོག་བརྩེགས་གསུམ་ཅན་གཉིས་ལེགས་པར་གྲུབ་སྟེ། སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡ ཚེས་ ༣ ཉིན་ ༧ དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་ཞལ་སྔ་ནས་དབུ་འབྱེད་དང་རབ་གནས་བྱིན་འབེབས་གནང་།

མཁན་པོ་ལས་ཐོག་རྗེ་བཙུན་བསྟན་འཛིན་བཟང་པོ་དང་བླ་མ་དབུ་མཛད་ལས་ཐོག་རྗེ་ངག་དབང་སངས་རྒྱས་སྐབས། སློབ་གཉེར་ཁང་གི་འཛིན་ཁང་དང་། གྲྭ་ཤག་གསར་རྒྱག །ཁོར་ཡུག་གཙང་བཟོ་སོགས་ཀྱི་ལས་དོན་འགྲོ་མུས་སུ་ཡོད་དོ། །

སྤྱི་ལོ་ ༡༩༨༡ ལོར་དགེ་འདུན་ན་གཞོན་རྣམས་ཀྱི་ཆེད་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གསར་འཛུགས་བསྐྱངས་ཏེ། སྔགས་ཀྱི་གཞུང་ཆེན་སློབ་གཉེར་དང་མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་ལྔ་དང་། བོད་ཀྱི་སྐད་ཡིག་དང་། ཨིན་ཇིའི་སྐད་ཡིག་ཚན་རིག་སོགས་ཐུན་མོང་བའི་རིག་གནས་བཅས་བསླབ་གཞིར་ཡོད་པའི་འཛིན་གྲྭ་ལོ་རིམ་བཅོ་ལྔ་བར་འགྲིམས་ཏེ་མཐར་སྔགས་རམས་པའི་མཚན་གནས་བཞེས་དགོས་པ་དང་། དགེ་འདུན་གྲངས་འབོར་ལ་མཚོན་ན་བྱེས་འབྱོར་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་བོད་རིགས་བཅས་དང་། གཞན་སོག་ཡུལ་སོགས་ནས་ཕེབས་པ་བཅས་རྒྱུན་བཞུགས་དགེ་འདུན་ལྔ་བརྒྱ་ལྷག་ཡོད་པ་དང།གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་དང་ཆོ་ག་ཕྱག་ལེན་ཐིེག་རྩ་སོགས་སློབ་སྦྱོང་གི་ཆེད་གདན་ས་ཁག་ནས་ལོ་རེར་དུས་ཡུན་ལོ་གཅིག་གི་ཆོས་ཐོག་ལ་ཕེབས་པ་གྲྭ་ཚང་གི་སྒྲིག་ཁོངས་སུ་ཆོས་ཞུགས་གནང་ཡོད་པའི་ལྷ་ཚོགས་དགེ་བཤེས་ཀྱི་ཞལ་གྲངས་ད་ཡོད་བསྡོམས་དགེ་འདུན་གྲངས་འབོར་ ༡༩༡༣ སྐོར་ཡོད།

༄༅། །སྤྱི་ནོར་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་རྒྱུད་སྨད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་པའི་ལོ་ཚིགས་སོགས་ཀྱི་སྐོར།

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་༧རྒྱལ་དབང་མཆོག་ཆིབས་བསྒྱུར་དང་བཀའ་ཆོས་ཇི་གནང་བཅས་ཀྱི་ལོ་ཚིག་རེའུ་མིག་དྲན་ཐོར་བཀོད་པ།
ཨང་། སྤྱི་ལོ། གསུང་ཆོས་སོགས་ཀྱི་སྐོར། སྐབས་དེའི་ཕྱག་མཛོད།
༡༩༧༣ ༧གོང་ས་མཆོག་ཆིབས་བསྒྱུར་དང་པོ་དེ་གནང་བ་དང། གཞིས་ཆགས་ཀྱི་ས་ཆ་དང་། ཕོ་བྲང་རྙིང་པ། གྲྭ་ཁང་རྙིང་པ་བཅས་ཀྱི་ཆགས་སའི་ས་ཆར་སྦྱིན་འབེབས་གནང་ཞིང་སེར་སྐྱ་མི་དམངས་ལ་ཚེ་དབང་དང་བཀའ་སློབ་བཀའ་དྲིན་བསྩལ། སྤྱི་འགན་གོ་བོ་རྒན་བློ་བཟང་སྐལ་ལྡན་ཅན་གྱི་སྐབས་གུ་རུ་པུའུ་སྨྱུག་ཁང་ནང་བཞུགས་སྐབས།
༡༩༧༦ ༧གོང་ས་མཆོག་ཆིབས་བསྒྱུར་གནང་ཐེངས་གཉིས་པ་དང་ཡོངས་འཛིན་རྣམ་གཉིས་དང་བཅས་པ་ཞབས་སོར་འཁོད་ནས་༧གོང་ས་མཆོག་ནས་གསུང་ཆོས་དཔལ་གསང་བ་འདུས་པའི་རྡུལ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་དབང་ཆེན་བཀའ་དྲིན་བསྩལ། སྤྱི་འགན་རྒན་བྱམས་པ་བརྩོན་འགྲུས་ཅན་གྱི་སྐབས་སུ་གྲྭ་ཁང་རྙིང་པ་གསར་བསྐྲུན་བྱེད་སྐབས།
༡༩༧༨ ༧གོང་ས་མཆོག་ཆིབས་བསྒྱུར་གནང་ཐེངས་གསུམ་པ་དང་སྐབས་དེ་དུས་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་བཀའ་དྲིན་བསྩལ། སྤྱི་འགན་ཏྲེ་ཧོར་རྒན་ཚེ་རིང་དོན་གྲུབ་དང་རྒན་བྱམས་བཙུན་ཅན་གྱི་སྐབས་གྲྭ་ཁང་རྙིང་པའི་ནང།
༡༩༨༣/༢/༩ འཇིགས་བྱེད་ལྷ་བཅུ་གསུམ་པའི་བཀའ་དབང་། སྦས་དོན་ཀུན་གསལ་གྱི་བཀའ་ཁྲིད། སེམས་བསྐྱེད་མཆོད་པ། གཟུངས་སྔགས་འགའ་ཤས་ཀྱི་ལྗགས་ལུང་བཅས་གནང་། བསྙེན་རྫོགས་ཀྱི་སྡོམ་པ་འབོག་འཇོགས། རྒྱུད་སྨད་ཀྱི་གཞི་རིམ་སློབ་གྲྭ་གསར་བཙུགས་བསྐྱངས་ཏེ་གཞུང་ཆེན་སློབ་གཉེར་གནང་དགོས་ལུགས་ཀྱི་ལམ་སྟོན་གྱི་བཀའ་དྲིན་གཞལ་ཟླ་བྲལ། སྤྱི་འགན་ཐུབ་བསྟན་འོད་ཟེར་དང་རྒན་གསེར་ཀོང་ཆབ་རིལ་ཅན་བཅས་ཀྱི་སྐབས་སུ་གྲྭ་ཁང་རྙིང་པའི་ནང།
༡༩༨༥ ༧གོང་ས་མཆོག་ཆིབས་བསྒྱུར་གནང་ཐེངས་ལྔ་པ་དང་། གྲྭ་ཁང་གསར་པའི་སྒོ་དབྱེ་ཐུགས་སྨོན་སྦྱིན་འབེབས་དང་འབྲེལ་བཀའ་ཆོས་དཔལ་གསང་བ་འདུས་པའི་དབང་ཆེན་བཀའ་དྲིན་བསྩལ། སྤྱི་འགན་ཏྲེ་ཧོར་རྒན་འཆི་མེད་དང་རྒན་ཐུབ་བསྟན་འོད་ཟེར་ཅན་སྐབས་སུ་གྲྭ་ཁང་གསར་པའི་འཛུགས་བསྐྲུན་ལེགས་གྲུབ་ཀྱི་སྒོ་དབྱེ་རྟེན་འབྱུང་མཛད་སྒོ།
༡༩༩༣/༡༢/༡༩-༢༢ ༧གོང་ས་མཆོག་ཆིབས་བསྒྱུར་གནང་ཐེངས་དྲུག་པ་དང་། བཀའ་ཆོས་དཔལ་གསང་བ་འདུས་པའི་དབང་ཆེན་དང་འབྲེལ་དམ་ཆོས་འགྲེལ་པ་བཞི་སྦྲགས། གསང་འདུས་རྩ་རྒྱུད་དང་མཚན་བརྗོད་ཀྱི་ལྗགས་ལུང་། སྒྲོལ་དཀར་ཚེ་དབང་བཅས་ཀྱི་བཀའ་ཆོས་ཉིན་བཅོ་ལྔ་ཙམ་རིང་གནང་། སྤྱི་འགན་རྒན་སྨད་ཚ་ཆབ་རིལ་རྒན་ཐུབ་བསྟན་ཉི་མ་ཅན་གྱི་སྐབས་གྲྭ་ཁང་གསར་པའི་ནང།
༡༩༩༨/༡/༦ ༧གོང་ས་མཆོག་ཆིབས་བསྒྱུར་བཞུགས་ཞགས་གསུམ་དང། བཀའ་ཆོས་འཇམ་དཔལ་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་བཀའ་འཁྲིད་དང་། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཁྲོ་བཅུ་རྡོ་རྗེའི་གོ་ཁྲབ་་ཀྱི་ལྗགས་འཁྲིད། གྲྭ་ཚང་གི་མདོ་སྔགས་བཤད་སྒྲུབ་གླིང་སློབ་གྲྭ་གསར་པ་དང། གཞིས་སྒར་སྨིན་རྩིས་ཁང་བཅས་སྒོ་དབྱེ་སྦྱིན་འབེབ་མཛད། མི་མང་ལ་ཚེ་དཔག་མེད་ཀྱི་ཚེ་དབང་དང་བཀའ་སློབ་བཅས་ཀྱི་བཀའ་དྲིན་བསྩལ། སྐབས་དེར་བོད་ཀྱི་ནང་པའི་སྔགས་ཀྱི་བགྲོ་གླེང་དབུ་འབྱེད་སྐབས་སུ་བཀའ་སློབ་སྩལ། སྤྱི་འགན་རྒན་ཚུལ་ཁྲིམས་བཟང་པོ་དང། རྒན་ཚེ་་རིང་དོན་གྲུབ་ཅན་གྱི་སྐབས།
༡༩༩༩/༩/༢༠-༡༠/༣ དབུ་མའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་བཀའ་ཁྲིད་དང་། དཔལ་གསང་བ་འདུས་པའི་བཀའ་དབང་གི་སྟ་གོན་དང་དངོས་གཞི། འཁོར་ལོ་སྡོམ་པ་གྲུབ་ཐོབ་དཔལ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་ཆ་ཚང་། རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་བཀའ་དབང་དང་བཀའ་དབང་གི་རྗེས་བླ་མཆོད་ཀྱི་སྒོ་ནས་ཚོགས་ཕུལ། རྗེ་རིན་པོ་ཆེའི་གསུང་རིམ་རྫོགས་རིམ་ལྔ་གསལ་སྒྲོན་དང་། རིམ་ལྔ་གདན་རྫོགས་གཉིས་ཀྱི་བཀའ་ཁྲིད་དང་། སྒྲོལ་དཀར་ཚེ་དབང་། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་། བླ་མ་ལྔ་བཅུ་པའི་ལྗགས་ལུང་བཅས་ཀྱི་བཀའ་ཆོས་གནང་ཞིང་མཇུག་ཏུ་མི་དམངས་ལ་ཚེ་དབང་དང་བཀའ་སློབ་གནང་ཞིང་གྲྭ་ཚང་དང་མི་མང་ནས་བརྟན་བཞུགས་ཀྱང་ཕུལ། བཞུགས་ཞགས་ཉིན་བཅུ་དགུ་གནང་ཡོད། སྤྱི་འགན་རྒན་བཀྲ་ཤིས་དང་ངག་དབང་བསྟན་འཛིན་ཅན་གྱི་སྐབས།
༢༠༠༤/༡༢/༡༨ ༧གོང་ས་མཆག་༢༠༠༤།༡༢།༡༦་་་་་་༢༣ ཆིབས་བསྒྱུར་གྱིས་བདུན་ཕྲག་ཅིག་རིང་བཞུགས་ཞགས་གནང་བ་དང། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་པོ་གཅིག་པའི་བཀའ་དབང་དང་མྱོང་ཁྲིད་ཐུགས་ཐོགས་ནས་རང་ནས་བཀའ་དྲིན་བསྐྱངས། སྤྱི་འགན་རྒན་ངག་དབང་བསྟན་འཛིན་དང་། ཡེ་ཤེས་རྒྱལ་མཚན་བཅས་ཀྱི་སྐབས།
༡༠ ༢༠༠༧/༡/༡ ལ་རྒྱུད་སྨད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བླ་མ་ལྔ་བཅུ་པ་དང་སྡོམ་པ་ཉི་ཤུ་པའི་ལྗགས་ལུང་། གསང་འདུའི་ངོ་སྤྲོད། སེམས་བསྐྱེད་དང་། བྱང་སྡོམ། གསང་འདུས་དབང་ཆེན་སྟ་གོན་དང་དངོས་གཞི། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་། མདོར་བྱས་དང་མདོ་བསྲེ། རྣལ་འབྱོར་དག་རིམ་བཅས་ཀྱི་ལྗགས་ལུང་། མགོན་པོ་ཕྱག་དྲུག་པ་དང་ཆོས་རྒྱལ་གཉིས་ཀྱི་རྗེས་གནང་། སྒྲོལ་དཀར་ཚེ་དབང་། ལམ་སྟོན་བཀའ་སློབ། བརྟན་བཞུགས་བཅས་བྱུང་། ཚེས་ ༨ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་ཀྱི་སློབ་གཉེར་ཁང་ཆེན་མོའི་སློབ་ཁང་གསར་བར་རབ་གནས་བྱིན་འབེབས་དང་དབུ་འབྱེད་བཀའ་དྲིན་ཀྱང་བསྐྱངས། སྤྱི་འགན་རྒན་ངག་དབང་བསྟན་འཛིན་ཅན་དང། མཁན་པོ་སེར་བྱེས་རྒན་བློ་བཟང་དགེ་ལེགས་སྐབས།
༡༡ ༢༠༡༡ ༧གོང་ས་མཆོག་ཕྱི་ལོ་ ༢༠༡༡།༡༢།༤་་་་་་་༨ བར་ཆིབས་བསྒྱུར་གྱིས་བཞུགས་ཞགས་ལྔ་གནང་བ་དང་བཀའ་ཆོས་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ་པན་ཆེན་བློ་བཟང་ཆོས་རྒྱན་གྱིས་འགྲེལ་མཛད་རིམ་ལྔའི་རྣམ་བཤད་ཟུང་འཇུག་ནོར་བུའི་བང་མཛོད་ཅེས་བྱ་བ་དང་རིམ་ལྔ་གདན་རྫོགས་གཉིས་སྦྲགས་ནས་བཀའ་ཁྲིད་རྒྱས་པ་དང། རྒྱལ་དབང་རང་གིས་མཛད་པ་སྤྱན་རས་གཟིགས་བཅུ་བཞི་པ་ཆེན་པོའི་བླ་མའི་རྣལ་འབྱོར་གྱི་ལུང་ཁྲིད་བཅས་བཀའ་དྲིན་བསྩལ། མཇུག་ཏུ་མི་དམངས་ལ་ཚེ་དབང་དང་བཀའ་སློབ་བཅས་ཀྱི་བཀའ་དྲིན་བསྐྱང། སྤྱི་ཟླ་ ༡༢ ཚེས་ ༧ ཉིན་ ༧ གོང་ས་མཆོག་གིས་གངས་ཅན་རིག་གནས་སློབ་གྲྭ་ལ་རབ་གནས་བྱིན་འབེབས་དང་། དབུ་འབྱེད་བཀའ་དྲིན་བསྐྱངས་ཤིང་བཀའ་སློབ་ཟབ་མོ་གནང་ཡོད། སྤྱི་འགན་གསེར་ཀོང་བསོད་ནམས་དོན་གྲུབ་དང། ཏྲེ་ཧོར་སྟོབས་ཆེན་བཅས། མཁན་པོ་གསར་པ་སེར་སྨད་རྒན་བཀྲ་ཤིས་ཚེ་རིང་དང་བླ་དབུ་རྒན་བློ་བཟང་ཕན་བདེ་གཉིས་ཀྱི་སྐབས།
༡༢ ༢༠༡༣ ༢༠༡༣།༧།༡༤ནས་༡༦ བར་བཞུགས་ཞགས་གསུམ་ཙམ་རིང་གི་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་ཆོས་དགེ་ལྡན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་བཀའ་ཁྲིད་དང། བླ་མཆོད་བདེ་སྟོང་དབྱེར་མེད་ཀྱི་མྱོང་ཁྲིད། བདེན་འཛིན་བཤགས་འགྱེད་ཀྱི་ལྗགས་ལུང་། ཚོགས་སུ་ཐུན་རེ་སྒོམ་ལ་གཞོལ་དགོས་པའི་བཀའ་སློབ། མཇུག་ཏུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཅས་བཀའ་དྲིན་བསྐྱངས། སྤྱི་འགན་ལ་དྭགས་ཐུབ་བསྟན་ཚེ་རིང་དང། རྒྱལ་རོང་ཡེ་ཤེས་བསམ་གཏན་སྐབས་སུ།
༡༣ ༢༠༡༥/༩/༡༢ རྟེན་འབྲེལ་བསྟོད་པ། རྟོགས་བརྗོད་འདུན་ལེགས་མ། ཅོ་ནེ་བླ་མའི་སྤེལ་མར་བསྟོད་པ། ལྟ་ཁྲིད་དྲན་པ་བཞི་ལྡན། དཔལ་གསང་བ་འདུས་པའི་རྡུལ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་དབང་ཆེན་དང་། རྒྱུད་སྨད་ཀྱི་ཐུན་མོང་མ་ཡིན་པའི་ཁྲི་ཁང་རྩི་བཞག་ཁྲིད་ཆེན་བརྒྱད་ཀྱི་བཤད་ལུང་། མཇུག་ཏུ་མགོན་པོ་མཆོག་ལ་བརྟན་བཞུགས་རྒྱས་པ་བསྟར་འབུལ། ༧ མགོན་པོ་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༧ འཁོར་བའི་དུས་དྲན་སྟབས་ཁེལ་བྱུང་བར་གྲྭ་ཚང་དུ་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུའི་སྐལ་བཟང་བྱུང་། ཞོར་དུ་གྲྭཪ་ཚང་གི་མཚམས་ཁང་གསར་པ་སྒོ་དབྱེ་སྦྱིན་འབེབ་དང་ཐུགས་སྨོན་ཟབ་སྨིན་མཛད། ཕྱག་མཛོད་ལ་དྭགས་ཐུབ་བསྟན་ཚེ་རིང་དང་རྒྱལ་རོང་ཡེ་ཤེས་བསམ་གཏན་ཅན། མཁན་རིན་པོ་ཆེ་སེར་སྨད་བློ་བཟང་ཕན་བདེ་སྐབས།
༡༤ ༢༠༢༣ ༢༠༢༣།༡༢།ནང་༧གོང་ས་མཆོག་ཆིབས་བསྒྱུར་སྐབས་བཀའ་ཆོས ཕྱག་མཛོད་བློ་བཟང་ཕུར་བུ་བློ་དགའ་ཅན་གྱི་སྐབས།
       

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)