དེ་ཡང་ཐོག་མར་ཆུ་གླང་སྤྱི་ལོ་ ༡༤༣༣ ལོ་སྟེ་རྗེ་བཙུན་ཤེས་རབ་སེང་གེ་དགུང་ལོ་ང་གཅིག་གི་སྐབས་སུ། འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྒྱུད་ཀྱི་འཆད་ཉན་བཙུགས་པར་དབུས་ཀྱི་རྒྱུད་སྨད་དུ་བརྗོད་ལ། [ གྲྭ་ཚང་འདི་ཉིད་ཐོག་མར་དགའ་ལྡན་དུ་ཕྱག་བཏབ་པ་ཡིན་ལ། དུས་རབས་བཅུ་དྲུག་པའི་སྨད་ནས་གནས་གཞི་ལྷ་སར་ཆགས་པར་འགའ་ཞིག་གིས་བཤད་ལ། རྒྱུད་གྲྭ་རྒན་པ་རེ་ཟུང་གི་གསུང་རྒྱུན་ལ། ཐོག་མར་དགའ་ལྡན་དུ་ཆགས་པ་དང་། དེ་ནས་ལྷ་སའི་ཀླུ་སྦུག་སེང་གེ་ཤག་ཅེས་པ་ལ་གཞི་ཕབ། དེ་ནས་གཙུག་ལག་ཁང་གི་ནུབ་ངོས་དགའ་བཞི་པའི་རྡོ་རིང་ཞེས་པ་དེར་གཞི་ཆགས་པ་ཡིན་སྐད། ད་ལྟའི་རྒྱུད་སྨད་གྲྭ་ཚང་ནི་ར་མོ་ཆེ་གཙུག་ལག་ཁང་ངམ། རྒྱུད་སྟོད་གྲྭ་ཚང་ནས་སྤྱི་ལེ་གཅིག་ཙམ་ཤར་ངོས་སུ་ཕེབས་ན་རྨེ་རུ་དགོན་གྱི་ནུབ་ངོས་སུ་ཡོད། ]
དེ་ནས་བཟུང་རྗེ་ཤེས་རབ་སེང་གེ་དཔོན་སློབ་རྣམས་ཕྱོགས་ཕྱོགས་སུ་ཆོས་ཐོག་བཏེགས་ནས་དུས་ཚིགས་ཆ་བགོས་ཀྱི་རྒྱུད་འགྲེལ་གྱི་བཤད་པ་དང་། ཁྲིད་ཆེན་དྲུག་གམ་ཁྲིད་ཆེན་བརྒྱད་དུ་གྲགས་པའི་སྟེང་དུ་བྱང་ཆུབ་ལམ་རིམ་དང་ལྟ་ཁྲིད་ཀྱང་འདེབས་པར་མཛད་ཅིང་། དེ་ལྟར་ལོ་བཅུ་གསུམ་རྒྱུད་གྲྭ་བསྐྱངས་ནས་རྒྱུད་ཀྱི་འཆད་ཉན་སྦྱིན་པ་དཔལ་ལ་གཏད་དེ། རྗེ་ཙོང་ཁ་པས་གནང་བའི་གསང་འདུས་ཀྱི་གསེར་སྐུ་དེ་རྒྱུད་སྨད་གྲྭ་ཚང་གི་རྟེན་དུ་གནང་བ་དང་། རྗེ་ཤེས་རབ་སེང་གེ་འདས་རྗེས་དེའི་ཕྱག་སྲོལ་ཉམས་པ་མེད་པར་རྒྱུད་ཆེན་སྦྱིན་པ་དཔལ་དང་གྲགས་བཟང་སོགས་ཀྱིས་བསྐྱངས་ཏེ་ལོ་ལྟར་ཆོས་བར་བཏེག་སྲོལ་ཡང་རབ་བྱུང་བཅུ་དྲུག་པའི་ས་ཕག་ ༡༩༥༩ ལོ་དུས་འགྱུར་མ་བྱུང་བར་དུ་ཡོད། སྐབས་དེར་དགེ་འདུན་ཞལ་གྲངས་ ༥༥༦ བཞུགས། སྤྱིར་བཏང་གྲྭ་ཚང་རྒྱུན་དུ་བཞུགས་ཡུལ་ལྷ་ས་ཡིན་ཡང༌། ལོ་འཁོར་གཅིག་ནང་ཆོས་འཆད་ཉན་དང་ཉམས་བཞེས་ཀྱི་རིགས་མང་པོ་ཞིག་ལྷ་སའི་ཉེ་འཁོར་ས་གནས་གཞན་དང་གཞན་དུ་ཕེབས་ནས་གནང་བའི་ལམ་སྲོལ་ཡོད་པ་ནི་རྗེ་ཤེས་རབ་སེང་གེའི་ཕྱག་སྲོལ་ལས་བྱུང་བ་ཡིན་ལ། དགོས་པ་ནི། གནས་དེ་དང་དེར་སྔོན་གྱི་སྐྱེས་བུ་དམ་པས་ཞབས་བཅགས་ཏེ་ཉམས་བཞེས་གནང་ཞིང། ས་གཞི་བྱིན་གྱིས་བརླབས་པའི་གནས་ཡིན་པ་དང༌། གཉིས་ནས་ལས་དང་སྨོན་ལམ་གྱི་འབྲེལ་བའི་སྦྱིན་པའི་བདག་པོ་གཙོ་བོར་གྱུར་པའི་གདུལ་བྱའི་བསོད་ནམས་གསོག་པའི་ཞིང་དུ་གནས་དེ་དང་དེར་ཕེབས་པའམ་གདན་ཞུ་གནང་བ་ཡིན། བྱེས་སུ་བོད་ལྟར་གནས་དེ་དང་དེར་དངོས་སུ་ཕེབས་རྒྱུ་མེད་ཀྱང། ཉམས་བཞེས་ཀྱི་མཛད་རིམ་རྣམས་ཉམས་ཆག་མེད་པར་རྒྱུན་འཛིན་གནང་བཞིན་ཡོད།

གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་། དྭགས་པོ་བཤད་སྒྲུབ་གླིང་། བཀྲ་ཤིས་ལྷུན་པོ་སོགས་ཀྱི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་རང་གི་གདན་སར་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་མཐར་ཕྱིན་ནས། རྒྱུད་གྲྭ་འདི་དང་རྒྱུད་སྟོད་གང་རུང་དུ་ཕེབས་ཏེ། གསང་ཆེན་རྒྱུད་སྡེ་བཞིའི་བཤད་སྒྲུབ་འཆད་ཉན་རིམ་པར་བརྒྱུད། མཐར་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་གི་ཁྲིར་ཕེབས་པའང་རྒྱུད་གྲྭ་རྣམ་གཉིས་ནས་ཡིན་ནོ། །རྒྱུད་ཀྱི་འཆད་ཉན་གཙོ་བོ་ཡང་འགྲེལ་པ་བཞི་སྦྲགས་ཊཱིཀྐ་ཆེ་ཆུང་། འདུལ་ནག་པའི་རྡོ་རྗེ་ལམ་བསྒྲིགས་སོགས་ཀྱི་སྟེང་ནས་བཤད་པ་མཛད་པ་ཡིན། སྨད་རྒྱུད་ཁྲིད་ཆེན་བརྒྱད་དུ་གྲགས་པ་ནི་ནཱ་རོ་ཆོས་དྲུག །ལཱུ་ཨི་པའི་རྣལ་འབྱོར་ཆེན་མོ། དྲིལ་བུའི་རིམ་ལྔ། དུས་འཁོར་སྦྱོར་དྲུག །གསང་འདུས་རིམ་ལྔ། འཇིགས་བྱེད་ཀྱི་རྣལ་འབྱོར་བཞི་རིམ། འཁོར་ཆེན་གྱི་བྱིན་རླབས་བཞི་ལྡན། འཇམ་རྡོར་གྱི་ཐིག་ལེ་བཞི་སྟེ་བརྒྱད་ཡིན། ཁྲིད་ཆེན་བརྒྱད་འདི་ནི་དགའ་ལྡན་ཁྲི་རབས་ཉི་ཤུ་པ་རྒྱུད་ཆེན་ཆོས་གྲགས་བཟང་པོས་ཡི་གེར་བཏབ་པ་ཡིན་ལ། དེ་ཡན་ཆད་རྗེ་ཐམས་ཅད་མཁྱེན་པ་དང་། རྗེ་ཤེས་རབ་སེང་གེ་སོགས་ཀྱིས་ཐུགས་ཐོག་ནས་གསུངས་ཏེ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་གནང་བར་གསུངས། ཡང་རྒྱུད་སྨད་པ་ལ། བསྐྱེད་རྫོགས་རྡོ་ལག་བརྒྱུད། བཤད་པ་རྡོ་ལག་བརྒྱུད། རིམ་ལྔའི་ཁྲིད་རྡོ་ལག་བརྒྱུད་དང་གསུམ་ཡོད་པས། དང་པོ་ནི། དྭགས་པོ་ནམ་མཁའ་གྲགས་ཀྱི་གསང་འདུས་བསྐྱེད་རྫོགས་དང་། གཉིས་པ་ནི། རིམ་ལྔ་གསལ་སྒྲོན་གྱི་བཤད་པ་རྩེ་བ་ཤེར་བཟང་གིས་ཡི་གེར་བཀོད་པ་དེ་དང་། གསུམ་པ་ནི་ཆུ་མིག་ལུང་པའི་ཁྲིད་ཡིག་དེ་ཡིན། དེ་ནི་རྒྱལ་མཆོག་བསྐལ་བཟང་གིས་རྗེའི་གསུང་ཡིན་པར་གསུངས་ཤིང་། ཡོངས་གྲགས་ལ་དགའ་ལྡན་ཁྲི་རབས་ཉེར་བརྒྱད་པ་ཁྲི་དགེ་འདུན་རྒྱལ་མཚན་གྱིས་ཡིག་གེར་བཀོད་པ་ཡིན་ཞེས་གསུངས། གསང་བདེ་འཇིགས་གསུམ་ཕྱག་བཞེས་དང་། གསང་འདུས་རྩ་རྒྱུད་བློ་འཛིན་གྱིས་རྒྱུགས་སོགས་ཀྱང་གནང་དགོས།
རྗེ་རྣམ་རྒྱལ་དཔལ་བཟང་མཆོག་གིས། ཕྱིར་མིག་ལུང་དུ་རིམ་ལྔའི་དམར་ཁྲིད་དང་། གཞི་གསུམ་གྱི་ཆོ་ག །གར་དབྱངས་གསུམ་གྱི་ཕྱག་ལེན་རྣམས་བཙུགས་པ་ད་ལྟའི་བར་དུ་རྒྱུན་མ་ཉམས་པར་ཡོད་ལ། ཞོག་དང་པོར་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་ཡང་རྗེ་འདིས་བཙུགས་པ་ཡིན། དེ་ཡང་རྗེ་ཞོགས་དོན་ཡོད་མཁས་གྲུབ་ཞོག་གུར་སྨོན་གྱི་གནས་སུ་སྒྲུབ་ཕུག་ཅིག་ཏུ་སྒྲུབ་པ་ལ་བརྩོན་པའི་སྐབས། གུར་གྱི་མགོན་པོས་ལུང་བསྟན་པའི་གནས་ཁྱད་པར་ཅན་ཡིན་པས་ཆ་ནས་ཡིན་ཞེས་གྲྭ་ཚང་གི་ཆོས་འབྱུང་དུ་ཡོད། ཕྱིར་མིག་ལུང་དུ་གཞི་གསུམ་གྱི་ཕྱག་བཞེས་ཡོད་མུས་ལ། དམ་ཅན་གྱི་སྐུ་མཁར་བཞེངས་པའི་ཕྱག་བཞེས་ནི། ཁྲི་ཆེན་ངག་དབང་མཆོག་ལྡན་རྒྱུད་སྨད་གྲྭ་ཚང་གི་ཁྲིད་ཕེབས་སྐབས། ཕྱིར་མིག་ལུང་དུ་དམ་ཅན་དམ་ལ་བཞག་ནས་སྲུང་མར་བཀའ་བསྒོས། [ རབ་གནས་འཐོར་འབྲུ་དམ་ཅན་གྱི་ལྡེབ་བྲིས་ཀྱི་དཔྲལ་བར་དངོས་སུ་ཟུག་པ་ཡོད་ཅེས་རྒན་པ་རྣམས་ཀྱི་གསུང་རྒྱུན་དུ་ཡོད། ] དེ་ནས་བཟུང་སྟེ་ཕྱིར་མིག་ལུང་དུ་གནས་བདག་དམ་ཅན་བསྐོས་ཏེ་དེར་བཞུགས་གནས་དམ་ཅན་གྱི་སྐུ་མཁར་བཞེངས་སྲོལ་བྱུང་ཞིང་། དམ་ཅན་ཡབ་ཡུམ་ལ་འབུལ་གཏོར་ཡང་བཞེངས་དགོས་པ་ཕྱག་ལེན་དུ་ཡོད། དེ་ལྟར་དམ་ཅན་མགར་བ་ནག་པོ་ཡབ་ཡུམ་གྲྭ་ཚང་གི་བསྟན་སྲུང་ལ་བཀའ་བསྒོས་ནས་གྲྭ་ཚང་དང་འབྲེལ་པ་བྱུང་བ་ཡིན་མོད། གྲྭ་ཚང་གི་བསྟན་སྲུང་ངམ་ཆོས་སྐྱོང་གཙོ་བོ་ནི་མགོན་པོ་ཕྱག་དྲུག་པ་དང་། དམ་ཅན་ཆོས་ཀྱི་རྒྱལ་པོ་གཉིས་ཡིན་པ་ལས་འདི་མིན་ནོ། །གྲྭ་ཚང་གཞན་དུ་དམ་ཅན་ཡབ་ཡུམ་གཉིས་ཀའི་བསྐང་བཤགས་གསུངས་པ་ཧ་ལམ་དཀོན་མོད། གྲྭ་ཚང་གི་མགོན་ཁང་སོགས་སུ་ཡབ་ཡུམ་གཉིས་ཀའི་བསྐང་བཤགས་སོགས་གསུངས་པ་ཡིན།
སྤྱིར་གྲྭ་ཚང་གི་འཇུག་སྒོ་ལ་དམིགས་བསལ་མ་གཏོགས་འཇུག་སྒོ་ཆེན་པོ་གསུམ་ལ་ངེས་པར་ཞུགས་དགོས་པར་གསུངས་པའི་འཇུག་སྒོ་གསུམ་ནི། ཞོག་དང་པོ། ཕྱིར་མིག་ལུང་། དགའ་ལྡན་གྱི་གནས་དང་གསུམ་མོ། །
བདེ་མཆོག་གི་སྒྲུབ་དཀྱིལ་ནི། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་དུ། དབུས་ཀྱི་རྒྱུད་སྨད་དུ་སྔར་བདེ་མཆོག་གི་སྒྲུབ་མཆོད་མེད་པས་ཀུན་མཁྱེན་གོང་མའི་གསུང་བཀོད་དམ། གང་ལྟར་ཁྲི་དགེ་འདུན་ཕུན་ཚོགས་ཀྱིས་ལྷ་བཟང་དང་ཇུན་གར་གང་རིགས་ལ་ཞུས་ནས་གླང་རའི་གཞིས་ཀ་ཐེབས་སུ་སྦྱར། དེའི་བར་ལ་དགའ་ལྡན་བྱང་རྩེར་ཕེབས་པ་སོགས་ཐུགས་བྲེལ་གྱིས་ལུས་པ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རིང་ལ་ཚུགས་ཞེས་འབྱུང་། བདེ་མཆོག་གི་རྩ་རྒྱུད་དང་། སྦས་དོན་ཀུན་གསལ་རྩ་འགྲེལ་སྦྲགས་པའི་འཆད་ཉན་ཡང་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་གསར་དུ་བཙུགས་པ་ཡིན།
[ དུང་དཀར་ཚིག་མཛོད་དུ། ] སྔོན་དུས་གནས་གཞི་གཙོ་བོ་དགའ་ལྡན་དུ་ཡིན་ཀྱང་། སྤྱི་ལོའི་དུས་རབས་བཅུ་དྲུག་པའི་སྨད་ནས་གནས་གཞི་ལྷ་སར་ཆགས་པ་ཡིན་སྐད། འགའ་ཞིག་གི་གསུང་སྲོལ་ལ་ལྷ་ས་གཙུག་ལག་ཁང་གི་ནུབ་ངོས་སྡེ་དཔོན་དགའ་བཞི་བའི་ཁང་པ་རྡོ་རིང་ཞེས་པ་དེར་རྒྱུད་སྨད་འདུས་ཚོགས་བཞུགས་པ་རྗེས་སུ་ད་ལྟའི་སྡོད་ཁང་དུ་གཞི་ཕབ་སྐད་འདུག་ཀྱང་ཡིག་ཆ་མ་མཐོང་། ཡང་རེ་འགས་ལྷ་སའི་ཀླུ་སྦུག་སེང་གེ་ཤག་ཅེས་པ་དེ་ཐོག་མར་རྒྱུད་སྨད་ཀྱི་འདུ་ཁང་ཡིན་པ་དེ་ནས་ད་ལྟའི་རྒྱུད་ཁང་དུ་སྤོས་ཟེར་ཡང་ངག་འགྲོས་ཙམ་ཡིན། ད་ལྟའི་རྒྱུད་ཁང་ལྕང་ལོ་ཅན་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་རྒྱུད་སྨད་ཀྱི་མཁན་པོ་གནང་སྐབས་བདེ་ཆེན་གསང་སྔགས་མཁར་གྱི་རྒྱུད་སྨད་ཆོས་ཐོག་འདུ་ཁང་དང་། ལྷ་སའི་རྒྱུད་སྨད་འདུ་ཁང་གསར་རྒྱག་མཛད་ཅེས་རྣམ་ཐར་དུ་གསལ་ཞིང་། རྒྱུད་སྨད་ལྷ་སར་གཏན་ཞུགས་གནང་ཡུལ་རྒྱུད་ཁང་ལྕང་ལོ་ཅན་གྱི་འདུ་ཁང་ཀ་བ་བཞི་བཅུ་ཞེ་གཉིས་ [ ཀ་རིང་བཞི་ཚུད། ] གཙང་ཁང་ཐོག་ས་གསུམ་ལོན་པའི་ཀ་རིང་བརྒྱད་དང་ཀ་ཐུང་བརྒྱད་ཅན་ཡོད་པའི་ཤར་ངོས་མགོན་ཁང་ཀ་བ་དགུ། གཙང་ཁང་ཐོག་ས་གཉིས་པའི་ཞལ་རས་ལྷ་ཁང་མདུན་སྒྲོལ་མ་ལྷ་ཁང་ཀ་ཐུང་དྲུག་ཅན། གཙང་ཁང་ཐོག་ས་བཞི་པའི་སྟེང་ནུབ་ངོས་རྒྱལ་བའི་གཟིམ་ཆུང་དང་། ཤར་ངོས་མཁན་པོའི་གཟིམ་ཆུང་ལེ་ལག་དང་བཅས་པ། དབུས་སུ་བློས་བསླངས་ཁང་ཀ་བ་བརྒྱད་ལྡན། འདུ་ཁང་གི་མདུན་སྒོ་མཆོར་སྟེང་རབ་གསལ་ཀ་བ་གཉིས་ཡོད་པ་ནི་ཕྱག་མཛོད་ཁང་ཡིན། གྲྭ་ཁང་སྟེང་མཆོད་པ་ཁང་ཆེན་དང་། ཕྱག་མཛོད་ཁང་གི་རུང་ཁང་ [ ཐབ་ཚང་། ] མཛོད་ཁང་སོགས་ཁང་མིག་བཅུ་གྲངས་སྐོར། གྲྭ་ཁང་གི་ནུབ་ངོས་ཁྲི་ཐོག་ཁང་ཞེས་སྔོན་དུས་ལྕང་སྐྱ་བཞུགས་གནས་ཐོག་ཚད་བཞི་ལྡན། གྲྭ་ཁང་གི་ཤར་ལྷོར་རུང་ཁང་དང་། གྲྭ་ཁང་གི་མདུན་དུ་རྡོ་གཅལ། དེའི་ནུབ་ངོས་ཆོས་རྭ་སོགས་དང་། གྲྭ་ཁང་གི་ཕྱི་སྒོའི་ནུབ་ངོས་སུ་གྲྭ་ཤག་ཐོག་ས་གཉིས་ལྡན་ར་སྒོར་དང་བཅས་པ་གསུམ་བཅས་ཡོད་ལ་དེ་མིན་ཁྲོམ་གཟིགས་ཁང་གི་བྱང་ [ དེང་སྐབས་པེ་ཅིན་ལམ་གྱི་ལྷོ་ངོས། ] དུ་རྒྱུད་སྨད་ཁང་གསར་ཞེས་ཁང་པ་གསུམ་ཐོག་སྒོ་ར་དང་བཅས་ཡོད། འདུ་ཁང་གི་དབུས་སུ་མཁན་པོའི་བཞུགས་ཁྲི་དང་། དེའི་གཡས་ངོས་སུ་རྗེ་ཤེས་རབས་སེང་གེའི་འདྲ་སྐུ། མཁན་ཁྲིའི་གཡས་ཀྱི་ཀ་བའི་ངོས་སུ་རྗེ་ཙོང་ཁ་པས་རྗེ་ཤེས་རབ་སེང་གེར་གནང་བའི་གསང་འདུས་ཀྱི་གསེར་ [ ཟངས། ] སྐུ་ཐོ་གང་ཙམ་བྱིན་ཅན། གདོང་བྲལ་གྱི་ནུབ་ངོས་གྲལ་འགོར་བླ་མ་དབུ་མཛད་ཀྱི་བཞུགས་ཁྲི། གཙང་ཁང་གི་གཡས་གཡོན་དུ་དངུལ་གདུང་གཉིས། འདུ་ཁང་གི་གྱང་ལྡེབས་ཤར་ནུབ་ཏུ་ཡི་དམ་ཀྱི་བྲིས་སྐུ་སྣ་ཚོགས་དང་། གཞུང་སྒོའི་ཤར་ངོས་སུ་རྣམ་སྲས་ཀྱི་བྲིས་སྐུ་གསུམ་དང་ནུབ་ངོས་མགོན་པོ་དང་ཆོས་རྒྱལ་ཕྱི་ནང་གི་བྲིས་སྐུ། དགེ་བསྐོས་ཀྱི་ཁྲི། སེང་གཡབ་ཀྱི་ངོས་སུ་ཐུབ་དབང་། རྗེ་ཙོང་ཁ་པ། རྗེ་ཤེས་རབ་སེང་གེ་སོགས་ཀྱི་བྲིས་སྐུ། གཙང་ཁང་ནང་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཐོག་ཚད་གསུམ་ཡོད་པ་དང་། གཡས་ཕྱོགས་ཀྱི་ངོས་སུ་ཆོས་རྒྱལ་སྲོང་བཙན་གྱི་བཞུགས་ཁྲི་སྐྱ་ཐལ་ལེ་བ་དེའི་སྟེང་དུ་རྣམ་སྲས་ཀྱི་སྐུ་བརྙན། དེ་མིན་སྐུ་བརྙན་ཆེ་ཆུང་དུ་མ། བཀའ་འགྱུར་སོགས་གླེགས་བམ་དུ་མ་ཀུན་དགའ་ར་བ་དང་བཅས་པ། གཡོན་ཕྱོགས་ཀྱི་ངོས་སུ་མགོན་ཁང་ནང་འཇིགས་བྱེད་ཐོག་ཚད་གཉིས་ལྡན་གཙོ་བཞུགས་ཀྱི་གསང་བདེ་མགོན་ཆོས་ལྷ་མོ་སོགས་ཀྱི་སྐུ་བརྙན། བར་ཐོག་སྒྲོལ་མ་ལྷ་ཁང་ནང་རྟེན་གཙོ་སྒྲོལ་ལྗང་གི་ལྡེབས་བྲིས་གསུང་བྱོན་མར་གྲགས་པ་ [ སྔོན་གྲྭ་ཚང་གི་མཁན་པོ་ཞིག་གིས་བརྩི་བཞག་དང་ཊཱིཀྐ་སོགས་ཐུགས་འཛིན་དང་སྐྱོར་སྦྱང་སོགས། འདོད་བློ་ཁེངས་པ་ཞིག་མ་བྱུང་བ་ན། མཁན་ཆེན་དེའི་དགོངས་པར་ཁོ་བོས་འཆད་ཉན་སྔར་སྲོལ་བཞིན་མུ་མཐུད་བྱས་ན་མི་འོང་བར་འདུག་པས་ཕྱིར་བསྐྱོད་པར་དགའ་སྙམ་པ་ན། ལྡེབས་བྲིས་ཀྱི་སྒྲོལ་ལྗང་གི་ཞལ་ནས། རིགས་ཀྱི་བུ། ཁྱོད་ཞུམ་པ་བསྐྱེད་མི་དགོས། སང་སྔ་མོར་བཞེངས་བརྡ་ཐོངས་དང་ངས་རོགས་བྱེད་འོང་། ཞེས་དབུགས་དབྱུང་དང་། སང་ཞོགས་སྔ་མོར་མཁན་ཆེན་དེས་བརྩི་བཞག་སྐྱོར་སྐབས་སྒྲོལ་མས་བྱིན་གྱིས་བརླབས་ཏེ་རྒྱུན་ལྡན་ལྟར་མཐའ་འཁྱོལ་བ་བྱུང་བ་དང་། དེ་ནས་སྒྲོལ་མས་ཁྱོད་རང་གི་ཕོར་བའི་ནང་མར་ཁུས་གང་བ་རས་ཁུག་ནང་རྩམ་པ་གང་བ་ཞིག་ངའི་མདུན་དུ་ཞོགས་ཤིག་ཅེས་གསུངས་པ་ཡིན་ཞེས་རྒན་པ་རྣམས་ཀྱི་གསུངས་ལ། དུས་ཕྱིས་ཉེ་འཁོར་གྱི་མི་རྣམས་ཀྱིས་རྩམ་ཁུག་སྒྲོལ་མའི་མདུན་དུ་འཇོག་པ་མང་དུ་མཐོང་ཞེས་རྒན་པའི་ངག་ལས་འབྱུང་ངོ་། ། ] དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཐུགས་དམ་རྟེན་བདེ་མཆོག་གི་ལི་སྐུ་སོགས་མང་པོ། ཐོག་ས་གསུམ་པའི་ཞལ་རས་ལྷ་ཁང་ནང་གྲུབ་དབང་བསམ་གྲུབ་རྒྱ་མཚོའི་དངུལ་གདུང་དང་འདྲ་སྐུ་སོགས། ཐོག་ས་བཞི་པའི་བློས་བསླངས་ཁང་ནང་རྟེན་གཙོ་རྒྱལ་བ་བྱམས་པ་སྤྲུལ་སྐུའི་ཆ་ཆས་ཀྱི་བཞུགས་སྟངས་ཅན་ཐོག་ཚད་མ་དང་། འཁོར་ཉེ་སྲས་བརྒྱད་བཅས་ཀྱི་འཇིམ་སྐུ་དང་། རྟ་མགྲིན་ཁམས་གསུམ་ཟིལ་མནོན་དང་། འཇམ་དཔལ་ན་ག་རའི་འཇིམ་སྐུ་ཁྲུ་གང་ལྷག་ཙམ་རེ་སོགས་སྐུ་བརྙན་མང་པོ། ཀ་བའི་བར་དུ་གསེར་ཟངས་ལས་གྲུབ་པའི་གསང་འདུས་བློས་བསླངས་དང་། ཙནྡན་དམར་པོ་ལས་གྲུབ་པའི་འཇིགས་བྱེད་དང་བདེ་མཆོག་གི་བློས་བསླངས་བཅས་ཡོད།
རྒྱུད་སྨད་གྲྭ་ཚང་གི་ལས་སྣེ་སྐོར། རྒྱུད་པའི་མཁན་པོ་གཞུང་བསྐོས། གཙོ་བོ་འཆད་ཉན་གྱི་བདག་པོ། བླ་མ་དབུ་མཛད་གཞུང་བསྐོས། བྱང་འདྲེན། དགེ་བསྐོས། ཞལ་ཏ་བ། དུང་མཁན་བཅས་ཏེ་ལས་སྣེ་དྲུག་ཅེས་ཟེར། མཁན་པོས་ཆོས་ཕྱོགས་ཏེ་འཆད་ཉན་གྱི་གཙོ་འགན་བཞེས་རྒྱུ་དང་། བླ་མ་དབུ་མཛད་ཆོས་སྲིད་གཉིས་ཀའི་སྐོར་ལ་སྟངས་འཛིན་བྱེད་པོ་དང་། གཏོར་ཆེན། བདག་འཇུག །རབ་གནས། ལྕགས་མཁར་སོགས་ལ་རྡོར་སློབ་གནང་དགོས། དབྱར་དགུན་དཔྱིད་གསུམ་དགེ་བསྐོས་གསུམ་རིམ་བཞིན་བཞེངས་ཏེ་སྒྲིག་ཁྲིམས་རྣམས་ལྷོད་ཡངས་སུ་མ་སོང་བར་སྒྲིག་ཡིག་བཞིན་གཟིགས་རྟོག་མཛད་རྒྱུ་དང་། དགེ་བསྐོས་ནི་གདན་ས་ཁག་ནས་དེ་སྔོན་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས་ཟིན་པའི་ལྷ་ཚོགས་དགེ་བཤེས་རྣམས་ལས་མཚན་ཐོའི་བང་རིམ་བཞིན་བསྐོ་དགོས་པ་དང་། དེ་ཡང་ལོ་གཅིག་གི་དགེ་བསྐོས་དཔྱིད་ཀའི་དགེ་བསྐོས་དང་དབྱར་ཁའི་དགེ་བསྐོས་གཉིས་ལ་ལྷ་རམས་པ་དང་། དགུན་གྱི་དགེ་བསྐོས་ལ་ཚོགས་རམས་དགེ་བཤེས་བསྐོ་བ་དང་། དཔྱིད་ཀའི་དགེ་བསྐོས་ཟླ་བ་དྲུག་དང་། གཞན་གཉིས་ཟླ་བ་གསུམ་རེ་ཡིན་ཞིང་། བརྩི་བཞག་སོགས་ཀྱི་སྐབས་སུ་གཞུང་ཚན་མཁན་རིན་པོ་ཆེས་གང་གནང་བ་འོག་ནས་ཡར་སྐྱོར་མཁན་དེ་ལ་བསྐྱེད་རིམ་སྐྱོར་དཔོན་དང་། ཊཱིཀྐ་སྐྱོར་དཔོན་ཞེས་པ་ཡོད་པ་ལས་དེང་སང་ཊཱིཀྐ་སྐྱོར་དཔོན་གྱི་ཚབ་ཏུ་དགེ་བསྐོས་ཀྱིས་སྐྱོར་དགོས་པས་དཔྱིད་ཀའི་དགེ་བསྐོས་ལ་གཞུང་ཚན་ཐུགས་འཛིན་གནང་དགོས་པ་མང་ལ། དབྱར་ཁའི་དགེ་བསྐོས་ལ་ཅུང་ཉུང་བ་ཡོད། བྱང་འདྲེན་བགྲེས་གཞོན་གཉིས་གཞུང་བསྐོས། བྱང་འདྲེན་ཆེན་མོས་གཙོ་བོ་ཚོགས་གཞུང་དུ་འདོན་པ་རྟ་འདུར་དབྱངས་གསུམ་དང་རོལ་མོ་དཀྲོལ་རྡུང་སོགས་རྒྱུན་གཏན་དང་དམིགས་བསལ་ཆོས་ཐོག་ཁག་ལ་ཚོགས་ཐེངས་སོ་སོར་ཇི་ལྟར་རྒྱས་བསྡུས་དགོས་པ་རྣམས་དབུ་བསྐུལ་མཛད་རྒྱུ་དང་། བྱང་འདྲེན་གཞོན་པས་བྱང་འདྲེན་ཆེན་མོར་ཕྱག་རོགས་ཞུ་རྒྱུ། [ དེང་སང་བྱང་འདྲེན་བཞོན་པ་ལྕགས་མཁར་རབ་གནས་ལ་ཚོགས་སུ་ཕེབས་སྲོལ་མེད་ལ། བྱང་འདྲེན་གཞོན་པས་ཞོག་ཆོས་ཐོག་སོགས་ཆུ་མིག་ལུང་ཚན་ཆད་འདོན་རྟ་དབྱངས་སོགས་ཐུགས་འགན་གཙོ་བཞེས་གནང་རྒྱུ་ད་ལྟའི་བར་དུ་ཡོད། ] དགེ་བསྐོས་ཀྱིས་རྒྱུན་གཏན་གྱི་སྒྲིག་ལམ་གནོན་འདོམས་ཐོག་རང་ཐག་མ་ཆོད་པ་རྣམས་བླ་མ་དབུ་མཛད་ལ་དགོངས་སྐོར་ཞུ་རྒྱུ་དང་ཚོགས་སུ་སྐྱབས་ཞུ་དང་སྙན་སེང་ཞུ་རྒྱུ་སོགས་གནང་དགོས། བླ་མ་དུང་མཁན་གྱིས་ཕྱག་བདེ་བའི་འགོ་དཔོན་བྱས་ཏེ་གཟིགས་རྟོག་གནང་དགོས། བླ་མ་ཞལ་ཏ་བ་ལ་ཚོགས་བརྡ་སྔ་ཕྱི་དང་ཕྱག་བདེ་སློང་བ་སོགས་ཀྱི་ལས་འགན་ཡོད། བླ་མ་དཀོན་གཉེར་ལ་མཆོད་གཡོག་དང་མཆོད་བཞེངས་ཀྱི་ལས་འགན་མང་དག་ཡོད། ཆབ་རིལ་ཚོགས་སུ་སྔ་ཆབ་དང་ཕྱི་ཆབ་ཞུ་རྒྱུ་དང་དགེ་བསྐོས་ཀྱི་ཕྱག་གཡོག་ཞུ་རྒྱུ། གསོ་སྦྱོང་གི་སྙན་སེང་ཕབ་སོགས་ཀྱི་ལས་འགན་ཡོད། གྲྭ་ཚང་གི་དཔལ་འབྱོར་འདུ་འགོད་བྱེད་རྒྱུ་སོགས་ཕྱག་མཛོད་ཁང་ནས་བྱེད་ཅིང་གཞིས་ཁག་སོ་སོར་གཞིས་ཀ་བླ་མ་ [ གཞིས་སྡོད། ] གཏོང་རྒྱུ་དང་། ལོ་འཁོར་གཏོང་ཡོང་རྩིས་རྒྱག །སྦྱིན་བདག་ཆེ་ཆུང་ལ་སྣེ་ལེན་ཞུ་རྒྱུ། གཞུང་གི་ལས་ཁུངས་ཁག་ནས་གཏོང་སྒོ་ཞུ་རྒྱུ་དང་རུང་ཁང་དུ་ཞལ་ལྟ་བར་རྩིས་སྤྲོད་རྒྱུ། གཞུང་གི་ཡིག་ཆ་འབྱོར་ན་ཁུངས་སུ་སྐྱེལ་རྒྱུ། ཆོས་ཐོག་སོ་སོའི་གཏོང་སྒོ་ཞལ་ལྟ་བར་རྩིས་སྤྲོད་རྒྱུ་སོགས་ཡིན། སྔ་སོར་བོད་དུ་ཡིན་ན་གྲྭ་ཚང་འཛིན་སྐྱོང་ཚོགས་པའམ་ཕྱག་མཛོད་རྣམས་ནི་ཁང་ཚན་ལྔ་ནས་གྲྭ་པ་བསྐྱེད་རིམ་པ་མི་རེ་འཛུགས་དགོས། དེའི་འོག་ཨར་བོ་འགོ་བ་དང་། གཞིས་ཀའི་བླ་མ་སོགས་ལས་བྱེད་གཞན་ཡང་ཡོད་སྣང་།
གྲྭ་ཚང་གཞུང་ནས་ཕྱོགས་ཕེབས།
ལྷོ་བྲག་སྲས་མཁར་དགུ་ཐོག་གི་མཁན་པོ། གཙང་གསེར་ལྡིང་གི་མཁན་པོ། གཙང་སྲད་རྒྱུད་པའི་མཁན་པོ། འཕན་པོ་རིན་ཆེན་བྲག་གི་མཁན་པོ། རྩེ་ཐང་མཁན་པོ་རྣམས་གྲྭ་ཚང་གཞུང་ནས་གཏོང་དགོས། གྲྭ་ཚང་རང་གི་ཁོངས་ནས་བསྙེན་མཚམས་པ་སྟོད་ལུང་ཕུག་ཁ་ལུང་སྒྲུབ་ཕུག་ཏུ་འཇིགས་བྱེད་བསྙེན་ཆེན་པ་མི་གཉིས། འཕན་པོ་འབུམ་ཐེར་རྒྱུད་ཁང་དུ་བསྙེན་ཆེན་པ་མི་གཉིས། འོན་ཕུག་གཡའ་མ་ཀླུངས་སུ་བསྙེན་ཆེན་པ་མི་གཉིས། གཞུང་འབྲེལ་ནོར་གླིང་ཆུ་འཁོར་འགྲམ་དུ་གདུགས་དཀར་མཚམས་པ་མི་བཞི། ནོར་གླིང་དུ་བདེ་མཆོག་མཚམས་པ་མི་བཞི། རྭ་མོ་ཆེར་གསང་འདུས་བསྙེན་ཆེན་པ་མི་བཞི། རྩེ་ཞོལ་དུ་འཇིགས་བྱེད་མཚམས་པ་མི་བཞི། རྩེ་ཞོལ་དུ་སེང་གདོང་མའི་བསྙེན་མཚམས་པ་མི་བཞི། རྩེ་ཞོལ་དུས་འཁོར་མཚམས་པ་མི་བཞི། རྩེ་ཞོལ་དུ་རིག་བྱེད་མའི་བསྙེན་མཚམས་པ་མི་བཞི། དབྱར་ཟླ་གསུམ་རིང་དགའ་ལྡན་དུ་ཆར་འབེབས་པ་མི་བརྒྱད། འབྲས་སྤུངས་དགེ་འཕེལ་རི་ཁྲོད་དུ་ཆར་འབེབས་པ་མི་བརྒྱད། ཕ་བོང་ཁ་རུ་ཆར་འབེབས་པ་མི་བརྒྱད། རྒྱུན་དུ་ཚེ་སྒྲུབ་པ་མི་བརྒྱད་བཅས་འདི་དག་གཞུང་ནས་དགོས་ཆ་ཞུས་ནས་འཛུགས་དགོས། གྲྭ་ཚང་རང་གི་འཛིན་སྐྱོང་ཁོངས་སུ་ཡོད་པ་འཕན་པོའི་ཞོག་རྒྱུད་ཁང་། ལ་མོ་ཚེར་གསེབ་རྒྱུད་ཁང་། འཕན་པོ་འབུམ་ཐེང་རྒྱུད་ཁང་། དགའ་ལྡན་རྒྱུད་ཁང་། འདིར་འཆད་ཉན་གཙོ་བོ་ཡིན། བདེ་ཆེན་རྒྱུད་ཁང་། ཚལ་རྒྱུད་ཁང་། ལྷ་སའི་རྒྱུད་ཁང་། སེ་ར་ཆོས་སྡིངས་རྒྱུད་ཁང་འདིར་དགེ་སློང་འགའ་ཞིག་བཞུགས། ཕྱིར་མིག་ལུང་གི་རྒྱུད་ཁང་བཅས་ཡོད་པ་འདིར་གཞི་གསུམ་ཉམས་ལེན་དང་། གར་ཐིག་དབྱངས་གསུམ་གཙོ་བོར་མཛད་དགོས་སོ། །
ཁང་ཚན་དང་། མི་ཚན།
རྒྱུད་སྨད་གྲྭ་ཚང་ལ་ཁང་ཚན། ཚ་བ་དང་། གསེར་ཀོང་། དངུལ་ཕོར། ཏྲེ་ཧོར། རྒྱལ་རོང་བཅས་ལྔ་ཡོད་པ་དང་། དང་པོ་ཚ་བ་ཁང་ཚན་ལ་མི་ཚན་ཉེར་གཅིག་དང་དགོན་ལག་བརྒྱ་དང་ཉེར་ལྔ། གཉིས་པ་གསེར་ཀོང་ཁང་ཚན་ལ་མི་ཚན་བདུན། གསུམ་པ་དངུལ་ཕོར་ཁང་ཚན་ལ་མི་ཚན་དྲུག །བཞི་པ་ཏྲེ་ཧོར་ཁང་ཚན་ལ་མི་ཚན་བརྒྱད། ལྔ་པ་རྒྱལ་རོང་ཁང་ཚན་ལ་མི་ཚན་བརྒྱད་ཅེས་ཡོད་དོ། །