གདན་རབས་རིམ་བྱོན་གྱི་མཚན་ཐོ། རྗེ་བཙུན་ཤེས་རབ་སེང་གེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཕྱག་བཏབ་པ་ནས་ད་ལྟའི་ [ ༢༠༢༣ ] བར་དུ། འཆད་ཉན་གྱི་བླ་རབས་སམ་གདན་རབས་རིམ་པར་བྱོན་ཏེ་སྔར་སྲོལ་རྒྱུད་འགྲེལ་ཆེན་མོ་སོགས་ཀྱི་འཆད་ཉན་གྱི་རྒྱུན་གང་ཡོད་མི་ཉམས་རྒྱུན་འཛིན་དང་གོང་སྤེལ་གནང་བ་སོགས་ཀྱིས་མཚོན་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་གྲྭ་ཚང་གི་གདན་རབས་རིམ་བྱོན་གྱི་སྐོར་རམ་ངོ་སྤྲོད་བཞུགས།
[ གདན་རབས་དང་པོ་རྗེ་བཙུན་ཤེས་རབ་སེང་གེའི་རྣམ་ཐར་མདོར་བསྡུས་གོང་དུ་སོང་ཟིན། ]
༢] མཁན་ཆེན་སྦྱིན་པ་དཔལ་བ། ༣] སློབ་ཆུང་གྲགས་པ་བཟང་པོ།
འོད་གསལ་མཁའ་ལ་ཟུང་འཇུག་དཀྱིལ་འཁོར་རྒྱས། །སྦྱིན་པའི་འོད་དཀར་སྙིང་གི་ཚ་གདུང་སེལ། །
བསྟན་པའི་དཔལ་གྱུར་རིན་ཆེན་རྒྱུ་སྐར་གཙོ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
གང་གི་གྲགས་པས་ས་སྟེང་ཀུན་ཁྱབ་ཅིང། །བཟང་པོའི་མཛད་པས་གདུལ་བྱ་བདེ་ལ་འགོད། །
མཁས་མང་སྐྱེ་དགུའི་དབུས་ན་མངོན་མཐོ་བ། །མི་ཕམ་བླ་མའི་ཞབས་ལ་གསོལ་བ་འདེབས། །
རབ་བྱུང་བདུན་པའི་ཤིང་མོ་གླང་སྤྱི་ལོ་ ༡༤༤༥ ལོ་ནས་ཁོང་གཉིས་ཀྱིས་རྒྱུད་ཀྱི་འཆད་ཉན་ལོ་ཉི་ཤུ་རྩ་གཉིས་ཙམ་མཛད་པ་ཡིན། མཁས་གྲུབ་སྦྱིན་པ་དཔལ་བ་ནི། གཙང་དུ་སྐུ་འཁྲུངས། གཞོན་ནུ་ཉིད་ནས་རབ་ཏུ་བྱུང་། རྗེ་དགེ་འདུན་གྲུབ་པ་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་བཀྲ་ཤིས་ལྷུན་པོ་གདན་སའི་མདོ་ཕྱོགས་ཀྱི་དཀའ་ཆེན་རྣམས་ལེགས་པར་སྦྱངས། རྗེ་ཤེས་རབ་སེང་གེ་ལ་གསང་བདེ་འཇིགས་གསུམ་གྱིས་མཚོན་རྒྱུད་སྡེ་མཐའ་དག་དང་། ཁྱད་པར་དུ་གསང་བ་འདུས་པའི་སྐོར་རྒྱས་པར་གསན་ཏེ། འདུས་པའི་སྐོར་ལ་རྒྱུད་ཀྱི་ཊཱིཀྐ་སོགས་ཡིག་འཇོག་ཀྱང་མང་དུ་ཡོད་འདུག ། [ ཕྱིས་སུ་མཁན་ཆེན་སྦྱིན་པ་དཔལ་བས་མཛད་པའི་རྒྱུད་ཀྱི་ཊཱིཀྐའི་གླེགས་བམ་བོད་ལ་དུས་འགྱུར་བྱུང་རྗེས་བྱེས་ཀྱི་རྒྱུད་སྨད་དུ་ལག་སོན་བྱུང་བ་མ་ཕྱིར་བྱས་ཏེ་དེབ་གཟུགས་སུ་པར་སྐྲུན་ཞུས། ]
རྗེ་བཙུན་ཤེས་རབ་སེང་གེ་སྐུ་མྱ་ངན་ལས་འདའ་ཁར་དཔེ་ཆ་འདི་རྣམས་དགེ་འདུན་གྲུབ་ཀྱི་སར་སྐྱོལ། རྒྱུད་ཀྱི་འཆད་ཉན་འདི་སྦྱིན་པ་དཔལ་བས་གྱིས། དེའི་གྲོགས་དགོས་པ་གྲགས་པ་བཟང་པོ་ལ་ཆོལ་ཞེས་རྒྱུད་སྨད་གྲྭ་ཚང་གི་འཆད་ཉན་སློབ་དཔོན་སྦྱིན་པ་དཔལ་བ་ལ་གཏད་ཅིང་། སྤྱི་ལོ་ ༡༤༤༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཁྲིར་ཕེབས། དཔལ་ལྡན་སྨད་རྒྱུད་པའི་ཁྲི་ཐོག་གཉིས་པ་དེ་ཡིན།
གཞན་རྗེ་ཤེས་རབ་སེང་གེ་ལ་དཔལ་རྡོ་རྗེ་འཇིགས་བྱེད་དབང་ཆེན་དང་། དེའི་རྒྱུད་འགྲེལ་དང་བཅས་པ་དང་། དེའི་མན་ངག་བཤད་པ་དང་བཅས་པ་དང་། དམ་ཅན་ཆོས་ཀྱི་རྒྱལ་པོའི་མན་ངག་ལས་རིམ་མང་པོ་དང་། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་མགོན་པོའི་བེའུ་བུམ་ཡིག་ཆུང་དམར་ནག་ཞལ་ཤེས་ཕྱག་བྲིས་དང་བཅས་པ་དང་། ཤོག་དྲིལ་བཅུ་གསུམ་སོགས་མཁན་ཆེན་འདི་ལས་མ་བརྒྱུད་པར་མི་སྣང་། ལྷག་པར་དུ་ཁྲིད་ཆེན་བརྒྱད་པོ་དེ་ལྟར་ཡུན་རིང་དུ་བཤད་པར་མཛད་པས་ན། རྗེ་བཙུན་རིན་པོ་ཆེ་དང་། མཁན་ཆེན་འདི་གཉིས་ལ་སྐབས་དེ་ཙམ་ན་རྒྱུད་པ་ཡབ་སྲས་གཉིས་ཞེས་ཉི་ཟླ་ལྟར་གྲགས་པ་བྱུང་།
འཕྲལ་གྱི་མཛད་པ་ཡང་དགེ་སློང་རྣམས་དང་མཚུངས་པར་སྤྱད་ཅིང་། བསླབ་གྲལ་མ་གཏོགས་ཆེ་ལུགས་མི་མཛད་ཅིང་། དད་ལྡན་ཚོས་ཕུལ་བའི་གསེར་གྱི་འབུལ་བ་གང་བྱུང་བ་རྣམས་བླ་མ་ཐམས་ཅད་མཁྱེན་པ་ལ་འབུལ་ཞིང་། གཞན་འབུལ་བ་བྱུང་བ་རྣམས་ཚོགས་སུ་བསྔོ་བར་མཛད་པ་ཡིན།
རྗེ་གྲགས་པ་བཟང་པོ་ལོ་སྔ་མ་དང་། མཁན་ཆེན་སྦྱིན་པ་དཔལ་བ་ལོ་ཕྱི་མར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །འཁྲུངས་ལོ་དང་གཤེགས་ལོ་ནི་མ་རྙེད།
དེའི་སློབ་མ་མཁས་བཙུན་བཟང་གསུམ་འཛོམས་པ་མང་པོ་བྱོན་པའི་ནང་ནས་གྲགས་ཆེ་བ་ནི།ཀྲེ་བོ་བཀྲ་ཤིས་རྒྱལ་མཚན། རྩེ་པ་ཤེས་རབ་བཟང་པོ། ཆོས་རྗེ་ཚུལ་ཁྲིམས་བཟང་པོ། དྲུང་དབྱིག་གཉེན་པ་དང་། རྒྱུད་ཆེན་ཀུན་དགའ་དོན་གྲུབ། དྲུང་སྨ་སེང་པ་དང་། བླ་མ་རྒྱལ་ཚབ་པ་དང་། ཨུ་རི་བཀའ་བཅུ་པ་ཤེས་རབ་དཔའ་བ།བཀའ་བཅུ་པ་རྡོ་རྗེ་དཔལ་བ་ལ་སོགས་པ་མང་དུ་བྱུང་། གསུང་རྩོམ་ཡང་རྒྱུད་ཀྱི་ཊཱིཀྐ་ཆེན་མོ་སོགས་འགའ་ཞིག་ཡོད་སྣང་།
༤] རྒྱུད་ཆེན་བཀྲ་ཤིས་རྒྱལ་མཚན། [ བྱང་ཆོས་ལ་ཕེབས། ]
བཀྲ་ཤིས་དགེ་མཚན་དུ་མའི་དཔལ་ཡོན་ཅན།།ལེགས་བཤད་ནོར་བུའི་ཕྲེང་བ་མགུལ་བར་འཕྱང་།།
མདོ་སྔགས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་གཡོ།།དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
དེ་རྗེས་སུ་སྨད་རྒྱུད་ཀྱི་ཁྲིར་རྒྱུད་ཆེན་བཀྲ་ཤིས་རྒྱལ་མཚན་ཕེབས་པ་སྟེ།འདིས་ཀྱང་དགེ་འདུན་གྲུབ་པ་དང་།མཁན་ཆེན་སྦྱིན་པ་དཔལ་བ་སོགས་བཤེས་གཉེན་དུ་མ་བསྟེན་ནས་གསན་རྒྱ་ཆེ་ཞིང་།མདོ་སྔགས་ལ་ནང་བྱན་ཆུད་པའི་མཁས་པ་ཆེན་པོར་གྱུར།དམ་པ་འདིས་རྒྱུད་ཀྱི་འཆད་ཉན་ལོ་བཅུ་གཉིས་ཀྱི་བར་དུ་མཛད་དེ་བྱང་རྩེ་ཆོས་རྗེའི་གོ་སར་ཕེབས་པས་གཞན་ཕན་འཕྲིན་ལས་ཆེ་ཞིང་སྙན་གྲགས་རྒྱས་པའི་མཐར་སྐུ་གཤེགས་སོ།། [ དེ་ཙམ་ལ་མ་རྙེད། ]
༥] རྩེ་པ་ཤེས་རབ་བཟང་པོ། [ བྱང་ཆོས་ལ་ཕེབས། ]
མདོ་རྒྱུད་མཐའ་དག་དྲི་མེད་ཤེས་རབ་ཀྱིས། །ལེགས་པར་རྟོགས་ནས་འཕྲིན་ལས་བཟང་པོ་ཡིས། །
སྐལ་ལྡན་འགྲོ་ལ་བརྩེ་བས་འདོམས་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
དེ་རྗེས་སུ་སྨད་རྒྱུད་པའི་ཁྲིར་རྩེ་པ་ཤེས་རབ་བཟང་པོ་ཕེབས་པ་ཡིན། དམ་པ་འདི་ནི་རབ་བྱུང་བརྒྱད་པའི་ས་མོ་བྱ་སྤྱི་ལོ་ ༡༤༨༩ ལོར་གཞོ་སྟོད་དུ་སྐུ་འཁྲུངས། སྤེན་སེར་དང་སེ་ར་བྱེས་པ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་པ་སོགས་ཡོངས་འཛིན་དུ་བསྟེན་ནས་བཀའ་ཆེན་རྣམས་ལེགས་པར་སྦྱངས། ཞར་ཞོར་ལ་སྔགས་ཕྱོགས་ལའང་གསན་པ་རྒྱ་ཆེར་གནང་ཞིང་། གཙོ་བོ་རྒྱུད་སྨད་དུ་ཕེབས་ནས་མཁན་ཆེན་སྦྱིན་པ་དཔལ་བ་བསྟེན་ནས་རྒྱུད་འགྲེལ་མན་ངག་དང་བཅས་པ་དང་། རྒྱུད་སྡེ་བཞི་ག་ལ་གསན་པ་རྒྱ་ཆེར་མཛད་པས་མཁས་པར་གྱུར། དེ་ནས་རྒྱུད་ཁྲིར་ཕེབས་ནས་འཆད་ཉན་ཡུན་རིང་བར་དུ་མཛད་ཅིང་སྙན་པ་དང་འཕྲིན་ལས་རྒྱས་པ་དང་། དེ་ནས་བྱང་རྩེའི་ཁྲིར་ཕེབས། བྱང་རྩེའི་ཁྲི་ཐོག་སྐབས་ཀྱང་དབང་བསྐུར་རྒྱུད་བཤད་མན་ངག་དུ་མ་གནང་བ་དང་། འདུལ་བའི་བསླབ་བྱ་རྗེ་ཡབ་སྲས་ཀྱིས་མཛད་པ་རྣམས་ལ་ཕྱག་ལེན་ཞིབ་བཤད་དང་། བྱང་ཆུབ་ལམ་རིམ་ཆེ་ཆུང་། གཞུང་ཆེན་རྣམས་ཀྱི་ཆོས་ཆར་ཆེན་པོ་ཕབ་པས་རྩེ་པ་ཤེར་བཟང་པ་ཞེས་སྙན་པ་དང་གྲགས་པ་གཞན་ཕན་འཕྲིན་ལས་རྒྱས་པ་བྱུང་། མཐར་ཀུན་སྤངས་མཛད་ནས་དགུང་གྲངས་དོན་དགུ་པ་མེ་ཡོས་སྤྱི་ལོ་ ༡༥༠༧ ལོར་བྱེ་རི་སྟར་རྩེར་སྐུ་གཤེགས། ཧོར་སྟོན་ཆེན་པོ་གཤེགས་པའི་ཕྱི་ལོ་དེ་ཡིན་སྣང་།
ཞལ་སློབ་གྲགས་ཆེ་བ། ཤེས་རབ་དར་རྒྱས་ལེགས་པའི་བློ་གྲོས། ཆེན་པོ་དོན་ཡོད་དཔལ་ལྡན། པཎ་ཆེན་བསོད་ནམས་གྲགས་པ། རྡོ་རྗེ་འཆང་ཆོས་སྐྱོང་རྒྱ་མཚོ། ཆེན་པོ་བཟང་པོ་དཔལ། ཡོན་ཏན་བཤེས་གཉེན་པ། སློབ་དཔོན་ཆོས་དབྱིངས་པ། སློབ་དཔོན་བཀྲ་ཤིས་རྒྱས་པ། དཔལ་མགོན་རྒྱལ་མཚན།དཀའ་བཅུ་རིན་ཆེན་དཔལ། གྲགས་པ་ཚུལ་ཁྲིམས། ཆེན་པོ་བརྩོན་འགྲུས། སྤྱན་སྔ་ཤཱཀྱ་པ། ཆེན་པོ་ངོར་སྟོན་པ་ལ་སོགས་པ་མང་དུ་བྱོན།
༦] བཀའ་བཅུ་པ་ཤེས་རབ་དཔལ་རྒྱུད།
དེ་རྗེས་སུ་ཨུ་རི་བཀའ་བཅུ་པ་ཤེས་རབ་དཔལ་རྒྱུད་མཆོག་མཁན་ཁྲིར་ཕེབས་འདུག་ཀྱང་། མི་རིང་པར་སྐུ་ཚེ་མ་ཟིན་པར་དགོངས་པ་གཞན་དུ་གཤེགས་འདུག །
༧] རྒྱུད་པ་ཚུལ་ཁྲིམས་བཟང་པོ། [ བྱང་ཆོས་ལ་ཕེབས། ]
མང་ཐོས་ཚུལ་ཁྲིམས་རྒྱན་གྱིས་མཛེས་པའི་སྐུ། །ལེགས་བཤད་ཆོས་སྒྲ་བཟང་པོ་སྒྲོག་པའི་གསུང། །
ཐེག་མཆོག་ཉམས་ལེན་གནད་ལ་གཞོལ་བའི་ཐུགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
དེ་རྗེས་སུ་རྒྱུད་པ་ཚུལ་ཁྲིམས་བཟང་པོ་མཁན་ཁྲིར་ཕེབས། རྒྱུད་ཀྱི་འཆད་ཉན་དང་། བསྐྱེད་རྫོགས། ཁྲིད་ཆེན་བརྒྱད་དང་། ཊཱིཀྐ་ཆེ་ཆུང་སོགས་ལོ་བཅུ་གསུམ་སྐོར་འཛད་ཉན་མཛད་ཅིང་། དགེ་འདུན་ལ་ཇ་ཚུལ་རྒྱུན་ཆགས་པ་སོགས་སྐབས་དེ་ཙམ་ན་ལོངས་སྤྱོད་ཀྱི་འར་འུར་ཡང་ཆེ་ཞིང་། གཞན་ཕན་འཕྲིན་ལས་དང་། འགྲོ་དོན་རླབས་ཆེ་བར་ལས་ཆེན་ཀུན་རྒྱན་པ་སོགས་མཁས་པ་དུ་མར་བསྔགས་བརྗོད་གནང་། དེ་ནས་བྱང་རྩེའི་ཁྲིར་ཕེབས།མཐར་ཀུན་སྤངས་མཛད་དེ་འོད་གསལ་ལྷ་ཁང་དུ་སྐུ་གཤེགས།གསུང་ལ་སྐྱེས་པའི་སློབ་མ་ལ།མཁས་མཆོག་རིན་ཆེན་འོད་ཟེར་དང་། བཀའ་བཅུ་པ་བློ་བཟང་། ཆོས་རྒྱལ་དཔལ་མགོན། རབ་འབྱམས་པ་བྱང་ཆུབ་བློ་ལྡན། རབ་འབྱམས་པ་དགེ་འདུན་འཕེལ།བཀའ་བཅུ་པ་བློ་གྲོས་མཐའ་ཡས། བཀའ་ཆེན་ཆུ་བཟང་བ་ལ་སོགས་པ་མང་དུ་བྱུང་།
༨] མཁས་པ་རིན་ཆེན་འོད་ཟེར། [ བྱང་ཆོས་དང་། དགའ་ལྡན་ཁྲིར་ཕེབས། ]
དེ་ནས་མཁས་པ་རིན་ཆེན་འོད་ཟེར་སྨད་རྒྱུད་ཁྲིར་ཕེབས། འདི་ནི་སྟོད་ལུང་མདའི་ཞིང་བཟང་དུ་རབ་བྱུང་དགུ་པ་ཆུ་མོ་བྱ་སྤྱི་ལོ་ ༡༥༡༣ ལོར་སྐུ་འཁྲུངས། དཔལ་ལྡན་འབྲས་སྤུངས་སྒོ་མང་དུ་ཆོས་རྗེ་རིན་ཆེན་བྱང་ཆུབ་ལས་རབ་ཏུ་བྱུང་། མཚན་རིན་ཆེར་འོད་ཟེར་དུ་བཏགས། རྗེ་རིན་ཆེན་བྱང་ཆུབ་དེ་ཉིད་ལས་དབུ་མ་གསན་ཅིང་། བརྩོན་པ་ཆེ་བས་ལེགས་པར་དགོངས། བློ་གླིང་པ་ལྡན་མ་ཡེ་ཤེས་བཟང་པོ་ལ་བཀའ་ཆེན་ལྷག་མ་རྣམས་གསན་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། སྨད་རྒྱུད་དུ་ཕེབས་ནས་རྒྱུད་ཆེན་ཚུལ་ཁྲིམས་བཟང་པོ་ལས་གསང་བ་འདུས་པའི་རྩ་བཤད་ཀྱི་རྒྱུད་རྣམས་དང་། ཁྲིད་ཆེན་བརྒྱད། བསྐྱེད་རྫོགས། ཊཱིཀྐ་ལ་སོགས་པ་རྣམས་དང་། གཤེད་སྐོར་གྱི་རྒྱུད་འགྲེལ་གདམས་ངག་དང་བཅས་པ་དང་། ཁྱད་པར་དུ་དུས་འཁོར་སོགས་སྦྱངས་པས་མཁས་པར་གྱུར། ཉེ་སྡིངས་སུ་དྲུང་པ་གཟིམས་ཆེན་པས་མཁན་པོ་དང་། འོད་སྲུང་བས་ལས་སློབ། བློ་གྲོས་ཆོས་དབང་པས་གསང་སྟོན་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས།