སློབ་གཉེར་བ་སོགས་ཀྱི་སྐོར།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་འདི་ཉིད་དུ། འཇུག་པ་པོ་རྟེན་གྱི་གང་ཟག་དེ་ལ་དགེ་བཤེས་དང༌། བསྐྱེད་རིམ་པ་གཉིས་སུ་འདུས་པ་ལས། དགེ་བཤེས་ནི། གདན་ས་གསུམ་སོགས་སུ་མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་གནང་ཏེ་དགེ་བཤེས་ཀྱི་མཚན་རྟགས་བཞེས་རྗེས། རྒྱུད་གྲྭ་སྟོད་སྨད་གང་རུང་དུ་འཛུལ་ཞུགས་གནང་སྟེ་ལོ་གཅིག་གི་ཆོས་ཐོག་འཁོར་དགོས་པ་ཡིན་ལ།

དགེ་བཤེས།

བསྐྱེད་རིམ་པ་གཉིས་སུ་འདུས་པ་ལས། དགེ་བཤེས་ནི། གདན་ས་གསུམ་སོགས་སུ་མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་ཏེ་དགེ་བཤེས་ཀྱི་མཚན་རྟགས་བཞེས་རྗེས། དཔལ་སྡན་རྒྱུད་གྲྭ་སྨད་སྟོད་གཉིས་གང་རུང་དུ་སྔགས་ཕྱོགས་ཀྱི་སློབ་གཉེར་གནང་ཆེད་འཛུལ་ཞུགས་གནང་དགོས་པ་དང་། རྒྱུད་ལ་ཞུགས་ཏེ་ལོ་གཅིག་རིང། མཁན་ཆེན་རྡོ་རྗེ་འཆང་གི་དྲུང་ནས།དམ་ཆོས་འགྲེལ་པ་བཞི་སྦྲགས་དང། བསྐྱེད་རྫོགས་སོགས་སྔགས་ཕྱོགས་ཀྱི་གཞུང་ཆེན་ཁག་གི་བཤད་ཁྲིད་གསན་བཞེས་གནང་དགོས་པ་དང། ལྷག་པར་དགེ་བཤེས་ལྷ་རམས་པ་ཡིན་ཚེ། རྗེ་བཙུན་ཤེས་རབ་སེང་གེའི་གསང་འདུས་རྩ་རྒྱུད་ཀྱི་ཊཱིཀྐ་ལེའུ་དང་པོའམ། ཡང་ན་གཉིས་པ་ནས་བརྒྱད་པའི་བར་ཐུགས་ལ་བཟུང་ནས་ཚོགས་དབུས་སུ་བརྩི་བཞག་སྐྱོར་དགོས་པ་དང༌། དེ་ལ་དགེ་བཤེས་ཊཱིཀྐ་སྐྱོར་དཔོན་ཞེས་ཟེར་ཞིང་། དེར་མ་ཟད་སྔགས་ཀྱི་ས་ལམ་ཀྱི་རྣམ་གཞག་སོགས་རྒྱུད་སྡེ་བཞིའི་སྐོར།རྒྱུད་བཞུགས་དགེ་བཤེས་མཁས་པའི་དྲུང་ནས་ཟུར་དུ་དཔེ་ཁྲིད་ཞུས་ཤིང་། དགོང་དྲོ་ཆོས་རར་རྩོད་པ་དང་། ཆོ་ག་ཕྱག་ལེན་ཐིག་རྡུལ་ཚོན་སོགས་ཀྱང་སྦྱངས་ཏེ་ལས་བཞིའི་ཐིག་སོགས་ཀྱི་རྒྱུགས་སྤྲོད་ཀྱང་གནང་དགོས་ལ། གཞན་ཡང་ལོ་གཅིག་རིང་གྲྭ་ཚང་གི་གཏོར་ཆེན་དང་བདག་འཇུག་སོགས་ཆོ་ག་གཏོང་དགོས་པ་ཆེས་མང་དུ་ཡོད་པ་རྣམས་ལ་ཆད་ལུས་མེད་པར་ཚོགས་ཕེབས་གནང་དགོས། སྔགས་ལ་བསན་བསམ་སློབ་གཉེར་གནང་བ་ཙམ་མ་ཟད། སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་འབུལ་བཞེས་གནང་དགོས་པ་དང་། ལོ་གཅིག་རིང་གསང་སྔགས་ལ་གསན་བསམ་སློབ་གཉེར་ཟིན་པའི་མཚོན་རྟགས་སུ་གྲྭ་ཚང་ནས་སྔགས་ཀྱི་ཕྱག་ཁྱེར་ཡང་གནང་བ་ཡིན། དེ་ནས་རང་གི་གདན་སར་ཕྱིར་ཕེབས་ཏེ། མདོ་སྔགས་གཉིས་ཀ་ཐོན་པའི་དགེ་བའི་བཤེས་གཉེན་དུ་གྱུར་པའོ། །

བསྐྱེད་རིམ་པ།

གཉིས་པ་བསྐྱེད་རིམ་པ་ནི། ཐོག་མ་ཉིད་ནས་གྲྭ་ཚང་འདིའི་ཆོས་སྒོར་ཞུགས་ནས། རིག་གནས་ཀུན་གྱི་ཕྱི་མོར་གྱུར་པ་ཀ་ཁ་དང་། ཡི་གེ་འབྲི་ཀློག་ནས་བཟུང་གཙོ་བོ་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་དང༌། དཀྱིལ་འཁོར་ཀྱི་ཐིག་དང་རྡུལ་ཚོན་སོགས་རིམ་བཞིན་སློབ་སྦྱོང་གནང་སྟེ། ཐུན་མོང་ལམ་སྦྱངས་སྔོན་སོང་ཐོག །དམ་ཆོས་འགྲེལ་པ་བཞི་སྦྲགས་གཙོར་བཟུང་གིས། མཐར་བསྐྱེད་རྫོགས་སོགས་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་གསུམ་མཛད་མཁན་ཞིག་ལ་བསྐྱེད་རིམ་པ་ཞུ་བ་ཡིན།

དཔེ་མཚམས་པ།

བསྐྱེད་རིམ་པའི་གནས་རིམ་དང་པོ་དཔེ་མཚམས་པའི་སྐབས་དཔལ་གསང་བ་འདུས་པའི་བདག་བསྐྱེད་དང་མདུན་བསྐྱེད་དང༌། འཇིགས་བྱེད་ཀྱི་བདག་བསྐྱེད། མགོན་ཆོས་གཉིས་ཀྱི་བསྐང་གསོ་དང༌། རྒྱལ་བའི་ཞབས་བརྟན་གསོལ་འདེབས་བཅསར།དཔེ་རིང་ཤོག་གྲངས་ ༩༠ ལྷག་ཙམ་བློ་འཛིན་ཧ་ཅང་བྱང་བར་གནང་སྟེ། ཁང་ཚན་དགེ་རྒན་དང་ལས་སྣེ་གོང་མར་རིམ་བཞིན། བློ་རྒྱུགས་ཕུལ་ཏེ། གོང་གི་ཆོས་ཐོག་ཞོགས་དང་པོ་དང། ཕྱིར་མིག་ལུང། དགའ་ལྡན་ཏེ་འཇུག་སྒོ་གསུམ་གང་རུང་དང་སྟབས་བསྟུན་གྱིས། གྲྭ་ཚང་གི་སྒྲིག་ཁོངས་དངོས་གཞིར་གཞི་ནས་ཞུགས་དགོས་པ་ཡིན།

ཕྱག་བདེ་བ།

བསྐྱེད་རིམ་པའི་གནས་རིམ་གཉིས་པ་ཕྱག་བདེ་བ་ཞེས་པ་ནི། གྲྭ་ཚང་འདིའི་ཚོགས་ཆེ་ཆུང་ཀུན་ལ་ཆད་མེད་དུ་ཕེབས་ཏེ་འདུས་ཚོགས་སུ་ལག་བདེ་བརྒྱུག་དགོས་སྟབས་ཕྱག་བདེ་བ་ཞེས་མཚན་ཆགས་པ་དང། གོང་གསལ་ཆོས་ཐོག་སོ་སོའི་སྐབས། དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱིས་གཙོས་མཁན་རིན་པོ་ཆེའི་དྲུང་ནས་འཆད་ཉན་ཀུན་ལ་ཆད་མེད་དུ་ཕེབས་ཏེ་སློབ་གཉེར་གནང་དགོས་པ་དང་། ཕྱག་བདེ་བའི་གྲངས་ནི་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པ་མཚོན་བྱེད་དུ་ཕྱག་བདེ་བ་གྲངས་ ༣༢ དགོས་པ་རྟེན་འབྲེལ་ཀྱི་གནད་རེ་ཡོད། ཕྱག་བདེ་བའི་སྐབས་འདིར་ཕྱག་དཔེ་བློ་འཛིན་གནང་སྟེ་བློ་རྒྱུགས་འབུལ་དགོས་པ་ནི། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་གཉིས་ཆ་ཚང་དང་འགྲེལ་གཏོར། གྲྭ་ཚང་འདིའི་མཁན་བརྒྱུད་གསོལ་འདེབས། མགོན་ཆོས་གཉིས་ཀྱི་དབྱངས་ཀྱི་ཚིག་ལྷག་སོགས་དཔེ་རིང་ཤོག་གྲངས་ ༨༠ ལྷག་བློ་འཛིན་བྱས་ཏེ་ཕྱག་བདེ་བའི་འགོ་གཙོ་དུང་མཁན་ལ་རྒྱུགས་སྤྲོད་གནང་དགོས་པ་ཡིན།

དགེ་ཚུལ།

བསྐྱེད་རིམ་པའི་གནས་རིམ་གསུམ་པ་དགེ་ཚུལ་ཞེས་པ་ནི་ཕྱག་བདེ་ཐོན་ནས།དགེ་སློང་མ་བསྒྲུབ་བར་ལ་དགེ་ཚུལ་ཞེས་མཚན་ཐོགས་ཤིང། དགེ་ཚུལ་གྱི་ཞལ་གྲངས་ཡང་རྟེན་འབྲེལ་གྱི་གནད་ཀྱིས་དཔལ་འཁོར་ལོ་བདེ་མཆོག་གི་ལྷ་གྲངས་དང་མཉམ་པ་ཞལ་གྲངས་ ༦༢ དགོས་པ་ཡིན། རུང་ཁང་ནང་འདུས་མང་གི་གསོལ་ཚིགས་བཟོ་རྒྱུ་སོགས་ཀྱི་འགན་བཞེས་དགོས་པ་དང། དགེ་ཚུལ་གྱི་སྐབས་འདིར། ཕྱག་དཔེ་བློ་འཛིན་གནང་དགོས་པ་ལ་མཚོན་ན། བདེ་གསང་འཇིགས་གསུམ་གྱི་དབང་ཆོག་སྐོར་ཆ་ཚང་དང། ལྕགས་མཁར་དར་རབ་གནས་སོགས་དཔེ་རིང་ཤོག་གྲངས་ ༡༧༧ སྐོར་བློ་འཛིན་གནང་སྟེ་ལས་སྣེ་གོང་མར་བློ་རྒྱུགས་འབུལ་དགོས་པ་དང་། རྒྱུགས་སྤྲོད་འདིའི་མིང་ལ་དགེ་སློང་རྒྱུགས་སྤྲོད་ཅེས་བརྗོད་དེ། དགེ་སློང་མ་བསྒྲུབ་གོང་རྒྱུགས་སྤྲོད་འདི་ཕུལ་ཟིན་པ་དགོས་ཤིང་། རྒྱུགས་སྤྲོད་འདི་ཟིན་མཚམས་མཚན་ཐོ་བཞིན་དགེ་སློང་བསྒྲུབ་རྒྱུའི་སྟ་གོན་གནང་དགོས་པ་ཡིན།

དགེ་སློང་།

བསྐྱེད་རིམ་པའི་གནས་རིམ་བཞི་པ། དགེ་སློང་ཞེས་པ་ནི། བསྙེན་རྗོགས་བསྒྲུབས་ནས། སྔགས་རམས་མ་ཐོན་པའི་བར་ལ་དགེ་སློང་ཞེས་གསུང་སྲོལ་ཡོད་ཅིང། དགེ་སློང་རྣམས་ནས་གྲྭ་ཚང་འདིའི་གསོལ་ཚོགས་འཚོགས་སྐབས་འདོན་རྟ་དབྱངས་ཀྱི་འགན་རྐང་བཞེས་གནང་དགོས་པ་དང། གཞན་ཡང་དཀྱིལ་འཁོར་གྱི་ཐིག་དང། རྡུལ་ཚོན་གྱི་སློབ་སྦྱོང་གནང་དགོས་ཤིང། དེ་བཞིན་བློས་བསླང་གི་དཀྱིལ་འཁོར་བཞེངས་བཟོའི་ཐུགས་གཉེར་གནང་སྟེ་རྒྱུགས་སྤྲོད་མཛད་དགོས་པར་མ་ཟད། མཆོད་བཟོ་དཀར་རྒྱན་དང༌། ལྷག་པར་བཅོ་ལྔ་མཆོད་པ་བཞེང་རྒྱུའི་སྦྱོང་བརྡར་གནང་དགོས་པ་ཡིན། དགེ་སློང་གི་གནས་སྐབས་འདིར་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལའང་མུ་མཐུད་སློབ་གཉེར་ལེགས་པར་མཛད་དེ། གནས་རིམ་ལྔ་པ། ཐ་མ་སྔགས་རམས་སར་མངོན་དུ་ཕྱོགས་པ་ཡིན།

སྔགས་རམས་པ།

གནས་རིམ་ལྔ་པ་སྔགས་རམས་པ་ཞེས་པ་ནི། གྲྭ་ཚང་འདིའི་སྒྲིག་འཛུགས་ངོས་ནས་སློབ་རིམ་ཐ་མ། བསླབ་པ་མཐར་སོན་པའི་གནས་རིམ་མཐོ་ཤོས་དེ་ཡིན་ཞིང། སྤྱིར་བཏང་སྔགས་རམས་ཐོན་པ་ལ་ལོ་ངོ་བཅུ་བཞི་ཙམ་འགོར་བ་ཡིན། གནའ་དུས་བོད་དུ་སྔགས་རམས་གཏོང་བའི་ལུགས་སྲོལ་ཡོད་ཀྱང་། ཐོག་མར་ལོ་དུས་གང་ཞིག་ནས་དར་བའི་ལོ་རྒྱུས་གསལ་ཁ་མེད། དེ་ཡང་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཆེད་དཔེ་མཚམས་པ་ཞེས་དངོས་སུ་གྲྭ་ཚང་སྒྲིག་ཁོངས་སུ་མེད་པ་བདེ་གསང་གི་བདག་མདུན། བསྐང་གསོ་བཅས་བློ་འཛིན་གྱིས་གསར་རྒྱུགས་སྤྲད་དེ། གཞི་ནས་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ཏེ་ཕྱག་བདེ་བ་ཞེས་པར་གྱུར། ཕྱག་བདེ་བ་དེས་གསང་འདུས་རྩ་རྒྱུད་ལེའུ་བཅུ་གཉིས་དང། འགྲེལ་གཏོར་སོགས་བློ་རྒྱུགས་ཕུལ་ཏེ་དགེ་ཚུལ་དུ་འཕོས། དགེ་ཚུལ་དེས་བདེ་གསང་འཇིགས་གསུམ་གྱི་བདག་འཇུག་དང་། ལྕགས་མཁར། རབ་གནས་སོགས་བློ་འཛིན་གནང་སྟེ་དགེ་སློང་རྒྱུགས་སྤྲོད་ཅེས་བློ་རྒྱུགས་ཕུལ་ཏེ་དགེ་སློང་བསྒྲུབ་ཆོག་པ་དང། དེ་ནས་དཀྱིལ་འཁོར་གྱི་ཐིག་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུ། མཆོད་བཟོ་དཀར་རྒྱན། ཆོ་ག་ཕྱག་ལེན་བཅས་པར་སློབ་སྦྱོང་གནང་སྟེ། གཞི་ནས་མཚན་ཐོ་བང་རིམ་བཞིན་སྔགས་རམས་ཀྱི་དམ་བཅའ་བཞག་ནས་སྔགས་རམས་གཏོང་པའི་ཕྱག་སྲོལ་ཡོད་པ་རེད། དེ་དག་གི་གཙོ་བོར་སྔགས་ཀྱི་ཆོ་ག་ཕྱག་ལེན་དང། དཀྱིལ་འཁོར་གྱི་ཐིག་དང་རྡུལ་ཚོན་སོགས་ལ་སློབ་སྦྱོང་གནང་སྟེ་སྔགས་རམས་གཏོང་བ་ལས།མདོ་ཕྱོགས་མཚན་ཉིད་གཞུང་ལ་སློབ་སྦྱོང་གནང་རྒྱུའི་ཕྱག་སྲོལ་དར་མེད།

སྤྱི་ལོ་ ༡༩༥༩ ནས་སྤྱི་ལོ་ ༡༩༧༡ བར་རྒྱ་གར་བྱང་ཕྱོགས་ཌལ་ཧོར་དུ་ལོ་ངོ་ ༡༢ བཞུགས་པ་དང་། ལོ་ངོ་ ༡༢ དེའི་རིང་ལའང་གོང་གསལ་བཞིན། སྔར་བོད་རང་གི་ཕྱག་སྲོལ་ལྟར་གཙོ་བོར་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་དང། བདེ་གསང་འཇིགས་གསུམ་དང་ལས་བཞིའི་ཐིག་སོགས་གསང་སྔགས་ཀྱི་ཕྱག་ལེན་རྒྱ་ཆེར་སློབ་སྦྱོང་དང། ཉམས་བཞེས་གནང་སྟེ་དེ་དག་སློབ་སྦྱོང་མཐར་ཕྱིན་པའི་སྔགས་རམས་ཀྱི་དམ་བཅའ་བཅའ་བཞག་སྟེ་སྔགས་རམས་བཏང་བ་བྱུང་ཡོད།

སྤྱི་ལོ་ ༡༩༧༡ སྤྱི་ཟླ་ ༠༥ པའི་ནང་ཌལ་ཧོར་ནས་རྒྱ་གར་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་སུ་གནས་སྤོས་གནང་སྟེ། སྤྱི་ལོ་ ༡༩༨༡ བར་སྔར་བོད་དང་ཌལ་ཧོར་གྱི་གནས་སྟངས་དང་གཅིག་མཚུངས་ཀྱིས་སྔགས་རམས་བཏང་བ་དང་། ༧ བླ་མ་སྤྱན་རས་གཟིགས་ཀྱིས་ལམ་སྟོན་བཀའ་སློབ་སྔ་ཕྱིར་ཡང་ཡང་གནང་བ་ལས། སྤྱི་ལོ་ ༡༩༨༢ ནས་མདོ་ཕྱོགས་མཚན་ཉིད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་དང།ཉམས་བཞེས་གནང་རྒྱུའི་ཕྱག་སྲོལ་དར་ཏེ་མདོ་སྔགས་ཟུང་འབྲེལ་གྱིས་སློབ་གཉེར་རྒྱ་ཆེར་གནང་བའི་སྲོལ་བྱུང་ཞིང་།

སྤྱི་ལོ་ ༡༩༨༣ ལོར་རྒྱུད་སྨད་སློབ་གཉེར་ཁང་ངམ་སློབ་གྲྭ་གསར་འཛུགས་གནང་བ་ནས་སློབ་ཚན་སོགས་བཀོད་སྒྲིག་དང་རིམ་བཞིན་ལེགས་བཅོས་གནང་སྟེ། ༡༩༩༨ ལོར་སྔར་བོད་དང་ཌལ་ཧོར་གྱི་ཕྱག་སྲོལ་རྣམས་གཞིར་བཞག་ཐོག །འཛིན་གྲྭ་ལོ་རིམ་དང་པོ་བསྡུས་ཆུང་འཛིན་གྲྭ་ནས།ལོ་རིམ་བཅུ་བཞི་པ་སྔགས་རམས་འཛིན་གྲྭའི་བར་འཛིན་གྲྭ་བཅུ་གསུམ་བཙུགས་ནས། སྔར་གྱི་ཕྱག་སྲོལ་བཟང་པོ་ [ གོང་དུ་བརྗོད་ཟིན་པ་ལྟར་ ] དང་དེང་རབས་ཀྱི་རིག་གནས་གུང་བསྒྲིགས་ནས་གསང་སྔགས་གཞུང་ཆེན་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་དང། སྔགས་རིམ་ཆེན་མོ། རྒྱུད་ཀྱི་ཊཱིཀྐ་བཅས་དང་། མདོ་ཕྱོགས་མཚན་ཉིད་ཀྱི་གཞུང་ཆེན་བཀའ་པོད་ལྔ། བོད་ཀྱི་སྐད་ཡིག །ཨང་རྩིས།ཕྱི་རྒྱལ་སྐད་ཡིག་སོགས་སློབ་ཚན་མང་དུ་བཏང་ནས་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ལོ་ངོ་བཅོ་ལྔའི་རིང་གཏན་འབེབས་གནང་བའི་སློབ་ཚན་དེ་དག་དང་། འཛིན་གྲྭ་རིམ་བགྲོད་ཀྱིས་ཚད་ལྡན་གྱི་ལོ་འཁོར་རྒྱུགས་སྤྲོད་རྣམས་རེ་རེ་ནས་ཕུལ་ཏེ་མཐར་བསླབ་པ་མཐར་སོན་པའི་སྔགས་རམས་དམ་འཇོག་གནང་སྟེ་དགེ་བཤེས་སྔགས་རམས་པ་གཏོང་པ་དང། སྔར་བོད་དུ་སྔགས་རམས་གཏོང་ཚུལ་ནི་སྔགས་རམས་འཛིན་གྲྭར་གཏོང་བ་ལས་འདུས་མང་གི་དབུས་སུ་གཏོང་སྲོལ་མེད་ན་ཡང། འདུས་མང་གི་དབུས་སུ་གཏོང་སྲོལ་བཟོས་ཤིང་། དེ་ཡང་སྔ་ཉིན་ནས་མཛད་སྒོའི་གོ་སྒྲིག་ཞུས་ཏེ། དབུ་བཞུགས་སུ་དགའ་ལྡན་ཁྲི་བའམ།མཁན་གདན་ཟུར་གང་རུང་གདན་འདྲེན་ཞུས་ཏེ་དབུ་བཞུགས་ཐོག །སློབ་གཉེར་བ་གཙོ་བོར་གྱུར་པའི་འདུས་མང་འཛོམས་པའི་དབུས་སུ། སྔགས་རམས་གཏོང་མཁན་རྣམས་གྲལ་མཇུག་ནས་ཡར་ཕེབས་ཏེ་བཞུགས་གྲལ་དུ་འཁོད་པ་དང་། མི་གསུམ་རེས་དམ་བཅར་བཞུགས་ཤིང་། རྒྱུད་ཀྱི་ཊིཀྐཱ་དང། སྔགས་རིམ་ཆེན་མོ་སོགས་ལས་བརྩམས་པའི་སྔགས་ཕྱོགས་ཀྱི་གཞུང་ཆེན་ལ་བརྒལ་བརྟག་གིས་བགྲོ་གླེང་གནང་སྟེ། སྔགས་རམས་ཀྱི་དམ་བཅའ་འཇོག་དགོས་ལ། གདན་སའི་རྒྱུད་སྨད་དགེ་བཤེས་རྣམ་པས་རྟགས་གསལ་གཏོང་དགོས། གཞན་རྟེན་འབྲེལ་གྱི་གསོལ་ཇ་འབྲས་བསིལ་གཏོང་བ་དང། ཚོགས་གཞུང་སྔགས་རམས་པའི་དམ་བཅའ་ཟིན་ནས། སྔགས་རམས་པ་རྣམས་ཀྱིས་ཚོགས་འཁོར་འབུལ་བ་དང། ཕྱི་དྲོར་རང་ཤག་སོ་སོར་སྒེར་གྱི་རྟེན་འབྲེལ་གྱི་མཇལ་དར་འབུལ་བར་འགྲོ་བའི་ཕྱག་སྲོལ་ཡོད་ཅིང་། གྲྭ་ཚང་ནས་སྔགས་རམས་ཀྱི་ཕྱག་ཁྱེར་ཡང་གནང་བ་ཡིན། སྔགས་རམས་ཐོན་རྗེས། མཚམས་བསྙེན་སྒྲུབ་དང། གྲྭ་ཚང་རང་དུ་སློབ་ཚན་ཅི་རིགས་ཐོག་དགེ་རྒན་གནང་བ།གཞིས་དགོན་ཁག་ལ་དགེ་རྒན་དུ་ཕེབས་པ། གྲྭ་ཚང་འཛིན་སྐྱོང་གི་ཕྱག་ལས་སོགས་བསྟན་པའི་བྱ་བ་ཅི་རིགས་གནང་བ་ཡིན།

སྔགས་རམས་ཀྱི་ངེས་ཚིག་གམ་གོ་དོན།

སྔགས་རམས་པ་ཞེས་པའི་སྔགས་ནི། ལེགས་སྦྱར་སྐད་དུ། མནྟྲ་ཞེས་བརྗོད་ཅིང། མ་ན་ནི་ཡིད་དང། ཏྲ་ཡ་ནི་སྐྱོབ་པ་སྟེ། རང་གི་ཡིད་ཐ་མལ་གྱི་སྣང་བ་དང་ཞེན་པ་ལས་སྐྱོབ་པའི་དོན་དང། རམས་ནི། རབ་འབྱམས་ཀྱི་བསྡུས་ཚིག་སྟེ། རབ་འབྱམས་ནི་རྒྱ་ཆེ་བའི་དོན་ཡིན་པས་གསང་སྔགས་ཀྱི་གཞུང་རྒྱ་ཆེན་པོར་ཐོས་བསམ་ལ་འཇུག་པའི་དོན་ཡིན་པས་ན། སྔགས་ཀྱི་རབ་འབྱམས་པ་བསྡུས་ནས་སྔགས་རམས་པ་ཞེས་བྱ་བ་ཡིན་ནོ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)