རྡ་སའི་ཞབས་བརྟན་ཁང་སོགས།

རྡ་སའི་ཞབས་བརྟན་ཁང་། དེ་ཡང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་རྒྱ་གར་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་སུ་མ་སྤོར་གོང་སྟེ། སྤྱི་ལོ་ ༡༩༧༢ ལོའི་སྔ་གཞུག་ནས་ས་གནས་མི་མང་གི་རེ་འདོད་སྐོང་སླད་རྡ་སར་རྒྱུད་སྨད་གྲྭ་ཚང་གི་ཞབས་བརྟན་ཁང་བཙུགས་ཡོད་ལ། དེ་ཡང་དེ་གའི་དད་ལྡན་མི་མང་གི་རེ་འདོད་སྐོང་སླད་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁ་ཤས་རེས་མོས་གྱིས་རྒྱུན་བཞུགས་གནང་སྟེ།

མི་མང་གི་འངོན་འདོད་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་བཞིན་ཡོད་པ་དང་། ༡༩༧༩ ལོར་ཕྱག་མཛོད་གསེར་ཀོང་རྒན་བློ་བཟང་འཕེལ་རྒྱས་སོགས་ཀྱི་སྐབས་སུ་ཕྱག་མཛོད་ཁོང་རྡ་སར་ཆེད་བཅར་གྱིས་ད་ལྟའི་ཞབས་བརྟན་ཁང་ཡོད་ས་དེ་གར་ཁང་པ་ཐོག་བརྩེགས་གསུམ་ཅན་གསར་སྐྲུན་གནང་སྟེ།དེ་སྔོན་ཞབས་བརྟན་ཁང་ཡོད་ས་ལས་ད་ལྟའི་ཞབས་བརྟན་ཁང་དུ་གནས་སྤོར་གནང་ཞིང་། དེ་ཡང་གཙོ་བོ་ས་གནས་དད་ལྡན་མི་མང་གི་རེ་འདོད་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གནང་བཞིན་ཡོད།

ལྡི་ལིའི་སྒྲོལ་མ་ལྷ་ཁང་།

འདི་ནི་དེ་སྔོན་ལྡི་ལིའི་བྷོ་དྷི་བྷེ་ཡའི་ས་གནས་སུ་ཡོད་ལ། དེར་གནས་བྱེས་འབྱོར་དང་ལ་དྭགས་པ་སོགས་བོད་རིགས་རྣམས་ཀྱིས་མངོན་འདོད་དང་ཆོས་ཕྱོགས་ཀྱི་དགོས་མཁོ་ལས་བཙུགས་པ་ཞིག་ཡིན་ལ། དེར་དཀོན་གཉེར་རམ་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཆེད་རྒྱུད་སྨད་གྲྭ་ཚང་ནས་ཕྱག་མཛོད་ཀྱིས་རེ་བསྐུལ་ཞུས་ཏེ་གྲྭ་པ་མངགས་གཏོང་བྱེད་ཀྱིན་ཡོད་པ་ལས། བར་སྐབས་ཤིག་ལ་དེར་གནས་མི་མང་གིས་གྲྭ་ཚང་ལ་ཕུལ་ན་དགེ་མཚན་ཆེ་བར་མཐོང་སྟེ། གྲྭ་ཚང་ལ་ཕུལ་བ་ཡིན་ལ། ཕྱིས་སུ་གྲྭ་ཚང་གིས་དེར་གནས་མི་མང་གི་མངོན་འདོད་སྐོང་སླད་དགེ་འདུན་པ་བསྐོ་བཞག་གིས་མངགས་གཏོང་བྱེད་ཀྱིན་ཡོད་ལ། དེ་གར་དེར་གནས་མི་མང་གི་མངོན་འདོད་ལྟར་ཆོས་ཕྱོགས་བྱེད་སྒོ་གང་མང་གནང་གིན་ཡོད།

ཨ་རིའི་སྒྲོལ་མ་ལྷ་ཁང་།

ཨ་རིའི་ནིའུ་ཡོག་སྒྲོལ་མ་ལྷ་ཁང་ནི་སྤྱི་ལོ་ ༢༠༢༢ ལོའི་ཟླ་ ༧ ཚེས་ ༡༧ ལ་དབུ་འབྱེད་གནང་ཞིང་། རྒྱུད་གྲྭ་སྔགས་རམས་པ་བློ་བཟང་རྡོ་རྗེ་རྒྱུན་ལས་ལ་ཆེད་བསྐོས་དང་། ཨ་རིར་གནས་བཞུགས་རྒྱུད་གྲྭ་ཟུར་པ་ཁ་ཤས་ཀྱང་རྒྱུན་ལས་ཀྱི་ཁོངས་སུ་ཡོད་ལ། དེར་གནས་རྒྱུད་གྲྭ་ཟུར་པ་ཚང་མ་ཚོགས་མིར་འཛུལ་ཞུགས་ཀྱིས་ལས་ཀ་ཆེ་ཕྲ་གང་གི་སྐབས་སུའང་རྒྱུད་གྲྭ་ཟུར་པ་རྣམས་མ་བསྐུལ་དང་བླངས་ཀྱིས་མཉམ་ཞུགས་གནང་སྟེ་སྒྲུབ་ཀྱིན་ཡོད་པ་དང་། གཙོ་བོ་རིས་སུ་མ་ཆད་པའི་ས་གནས་དད་ལྡན་རྣམས་ཀྱི་མངོན་འདོད་སྐོང་སླད་བཙུགས་པ་ཞིག་ཡིན་ཞིང། བཙུགས་ནས་ཡུན་རིང་འགོར་མེད་ནའང་། ལོ་དེའི་སྤྱི་ཟླ་ ༩ ཚེས་ ༢ ཉིན་སྔ་དྲོར་ ༧ སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་རྒྱུད་སྨད་ལྷ་ཁང་དུ་གདན་ཞུས་ཀྱིས་དབུ་བཞུགས་ཐོག་ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་སྐུ་ཕྱྭ་དང་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་ཞབས་རིམ་བརྒྱ་བཞིའི་ཆོ་ག་གསུངས་པ་དང་། ཕྱི་དྲོར་ ༧ སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སྨན་བླའི་རྗེས་གནང་གནང་ཡོད་པ་དང་། སྤྱི་ཟླ་ ༩ པའི་ཚེས་ ༢༡ རྒྱལ་བའི་ལྷག་དཀར་ཉིན་ ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནས་རྒྱུད་སྨད་སྒྲོལ་མ་ལྷ་ཁང་དུ་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་ཀྱང་གནང་ཡོད།

གཞན་རྒྱུད་སྨད་སྒྲོལ་མ་ལྷ་ཁང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ ༢༠༢༣ སྤྱི་ཟླ་ ༦ ཚེས་ ༡༣ ཉིན་ ༧ སྐྱབས་མགོན་ ༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས། རིགས་རྒྱུད་གཅིག་པའི་ཧི་མ་ལ་ཡའི་ཆོས་ཞུ་བ་གཙོ་བྱས་པའི་དད་ལྡན་མང་པོར་ཚེ་དབང་དང་བཀའ་སློབ་བཀའ་དྲིན་བསྐྱངས་གནང་བ་སོགས་ས་གནས་དད་ལྡན་མང་ཚོགས་ཀྱི་རེ་འདོད་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་མང་གིས་སྤྱི་ཕན་གང་མང་སྒྲུབ་བཞིན་པར་ཡོད་དོ།།

རྒྱུད་སྨད་ཞི་བདེ་སྨན་ཁང་།

ཆིག་སྟོང་དགུ་བརྒྱ་དགུ་བཅུའི་ཡར་སྔོན་ཕྱག་མཛོད་ཁང་ནས་འདུས་མང་ལ་ཚ་བ་གཅོག་སྨན་དང་འགོག་སྨན་རེ་སྤྲོད་རྒྱུ་མ་གཏོགས་ཟུར་དུ་སྨན་ཁང་མེད་ལ། ༡༩༩༠ ལོ་ནས་ཉི་ཧོང་པ་ལྷ་རྗེ་ཏིད་སུ་ཤི་ཡ་མ་རྨོ་ཏོ་ཞེས་བྱ་བས་རྒྱུ་ཡོན་སྦྱར་ཏེ་ནད་པ་སྒུག་ས་ཁང་མིག་གཅིག་དང་། གནམ་ཁབ་རྒྱག་ས་ཁང་མིག་གཅིག །བརྟག་དཔྱད་ཁང་ཁང་མིག་གཅིག་སྟེ་ཁང་མིག་གསུམ་ཆེད་འདོན་གྱིས་སྨན་ཁང་བཙུགས་པ་ཡིན་ལ། ༢༠༠༢ ནས་སྐབས་དེའི་ཕྱག་མཛོད་རྣམས་ཀྱིས་ཟུར་དུ་ཁང་པ་གསར་བརྒྱག་གནང་བ་དང་། སྨན་ཁང་ད་ལྟའི་དགོན་པའི་ཟ་ཁང་གི་ཐོག་ཁར་གནས་སྤོར་གནང་སྟེ་རྒྱུད་སྨད་ཞི་བདེ་སྨན་ཁང་གསར་བསྐྲུན་མ་གནང་བར་དུ་དེ་གར་གནས་པ་བྱུང་། སྨན་ཁང་འགོ་བཙུགས་པ་ནས་རང་གཞུང་ས་གནས་ཕན་བདེ་སྨན་ཁང་ནས་སྨན་ཞབས་པ་ཨ་ཅག་བསོད་ནམས་སྒྲོལ་དཀར་ལས་ཀའི་བར་གསེང་དུ་ཆེད་བཅར་གྱིས་བརྟག་དཔྱད་སྨན་སྤྲོད་གནང་ཡོད་ལ། བར་སྐབས་ཤིག་ལ་ཁོང་ཕྱི་རྒྱལ་དུ་སོང་བ་ནས། རང་གྲྭ་ད་ལྟའི་ཕྱག་མཛོད་རྒན་པ་བློ་བཟང་ཕུར་བུ་དང་། འཇམ་དབྱངས་ཆོས་དར་གཉིས་ཕྱི་ལོགས་སུ་ཟབ་སྦྱོང་ལ་མངགས་གཏོང་གནང་བ་ལྟར་ཕྱིར་ཕེབས་ཏེ་ལོ་ངོ་གཉིས་གསུམ་ཞིག་ལ་སྨན་ཁང་དུ་སྨན་སྤྲོད་སོགས་གནང་ཡོད་ཅིང་། དེ་རྗེས་སུ་རང་གྲྭ་དངོས་གྲུབ་དང་། རྣམ་སྲས་གཉིས་ཟབ་སྦྱོང་ལ་མངགས་པ་ལྟར་ཁོ་གཉིས་ཀྱིས་ཀྱང་ལོ་ངོ་གསུམ་བཞིའི་ནང་ལ་སྨན་ཁང་དུ་ཁབ་རྒྱག་པ་དང་སྨན་སྤྲོད་སོགས་གནང་ཡོད། དེ་རྗེས་སྨན་ཞབས་ཨ་ཅག་འཕྲིན་ལས་དབང་མོ་ཆེད་བཅར་གྱིས་ཕྱི་དྲོ་ཆུ་ཚོད་ལྔ་པ་ནས་བདུན་པའི་བར་ཆུ་ཚོད་གཉིས་ལ་སྨན་སྦྱིན་སོགས་གནང་བ་བྱུང་ཡོད། 

ད་ལྟའི་གྲྭ་ཚང་གི་ཕྱག་མཛོད་རྒྱལ་རོང་སྔགས་རམས་པ་ཚེ་རིང་བཀྲ་ཤིས་སོགས་ཕྱག་མཛོད་བརྒྱད་ཀྱི་སྐབས་སུ་ཕྱག་མཛོད་རྣམས་ཀྱིས་འགན་ཁུར་བླངས་ཏེ་མང་ཚོགས་སྤྱི་དང་ཁྱད་པར་འདུས་མང་གི་སྐུའི་འཕྲོད་བཞེས་སླད་དང་། དེ་ཡང་ ༧ གོང་ས་ ༧ རྒྱལ་བའི་དབང་པོ་མཆོག་གི་ཞལ་སྔ་ནས་མང་ཚོགས་ཀྱི་འཕྲོད་བསྟེན་གལ་གནད་སྐོར་གདམས་པ་ཟབ་མོ་ཡང་ཡང་སྤྱི་ཕེབས་དགོངས་དོན་གཞིར་བཟུང་། འབྲེལ་ཡོད་སྦྱིན་བདག་ཁག་གི་གཏོང་ཕོད་ཀྱི་ཕྱག་ཡངས་ལས་ [ རྒྱུད་སྨད་ཞི་བདེ་སྨན་ཁང་ ] གསར་བསྐྲུན་ལེགས་པར་གྲུབ་སྟེ། དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་ཞལ་སྔ་ནས་བོད་རྒྱལ་ལོ་ ༢༡༤༨ ཟླ་བ་ ༠༩ པ་ཕྱི་མའི་ཚེས་ ༡༥ དང་། སྤྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཚེས་ ༡༩ སྟེ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དབུ་འབྱེད་དང་རབ་གནས་བྱིན་འབེབས་གནང་སྟེ། ཟླ་བ་དེའི་སྤྱི་ཚེས་ ༢༢ ཉིན་དངོས་སུ་སྨན་པ་བསྟེན་གཏུགས་དང་སྨན་སྤྲོད་ཀྱི་ལས་དོན་འགོ་འཛུགས་བྱས་ཤིང་།  ཞི་བདེ་སྨན་ཁང་ཚགས་ཚུད་དང་སྲ་བརྟན་ཡོང་ཆེད་ཧུན་སུར་རབ་རྒྱས་གླིང་ས་གནས་བོད་ལུགས་ཡན་ལག་སྨན་རྩིས་ཁང་དང། ཕྱི་ལུགས་ཕན་བདེ་སྨན་ཁང་ཟུང་ལ་གྲྭ་ཚང་ནས་འབོད་སྐུལ་ཞུས་པ་བཞིན། སྨན་ཁང་གཉིས་ཀྱི་འགན་འཛིན་དང་། སྨན་པ། སྨན་ཞབས་རྣམ་པས་དད་གུས་དང་ལྷག་བསམ་ཆེན་པོས་རྒྱབ་སྐྱོར་དང། རྒྱུས་སྟོན། རོགས་ཕན་དང་ལམ་སྟོན་རྒྱ་ཆེར་གནང་སྟེ། རེས་གཟའ་ཕུར་བུ་འཆར་ཅན་ལ་ས་གནས་སྨན་རྩིས་ཁང་གི་སྨན་པ་རྒྱུད་སྨད་ཞི་བདེ་སྨན་ཁང་དུ་ཆེད་ཕེབས་དང་། རེས་གཟའ་མིག་དམར་འཆར་ཅན་ལ་ས་གནས་ཕྱི་ལུགས་ཕན་བདེ་སྨན་ཁང་གི་སྨན་པ་ཆེད་ཕེབས་གནང་སྟེ། བརྟག་དཔྱད་དང་། སྨན་སྦྱིན་གནང་བཞིན་པ་དང་། སྨན་ཁང་དུ་གཏན་འཇགས་སྨན་ཞབས་པ་ཆེད་བཅར་གྱིས་སྨན་སྤྲོད་སོགས་གནང་བཞིན་ཡོད་པ་ལ། རིན་ཆེན་རིལ་བུ་དང་སྨན་ཇའི་རིགས་མ་གཏོགས་པའི་གཞན་ཕྱི་ལུགས་ཀྱི་སྨན་དང་བོད་སྨན་རྣམས་རིན་མེད་དུ་འབུལ་ལམ་ཞུ་བཞིན་ཡོད། གཞན་གྲྭ་ཚང་གི་དགེ་འདུན་སྙུང་གཞི་ཅན་སུ་ཞིག་ཡིན་ཀྱང་ [ གདན་ས་ཁག་ནས་ཆོས་ཐོག་ལ་ཕེབས་པའི་དགེ་བཤེས་རྣམས་ལའང་རྒྱུན་བཞུགས་དགེ་འདུན་པ་དང་གཅིག་མཚུངས་ཀྱིས་སྨན་རིན་ཆ་ཚང་སྔོན་ནས་འབུལ་ལམ་ཞུ་བཞིན་ཡོད། ] ཕྱི་བསྐྱོད་སྨན་ཁང་ཁག་གི་སྨན་རིན་ཆ་ཚང་གྲྭ་ཚང་རང་གིས་སྔོན་ནས་འབུལ་བཞིན་ཡོད་པ་དང་རྗེས་སོར་མུ་མཐུད་དེ་གྲྭ་ཚང་ཞི་བདེ་སྨན་ཁང་ངམ་འཕྲོད་བསྟེན་སྨན་ཁང་ནས་འབུལ་རྒྱུར་གཏན་ཁེལ་བ་དང་། སྨན་རིན་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཡང་གཏན་འབེབས་གནང་ཡོད། ཞི་བདེ་སྨན་ཁང་གི་འགན་འཛིན་དང་པོ་འདུས་མང་གིས་འོས་བླུགས་པ་ལྟར་འོས་ཐོབ་ཚ་བ་སྔགས་རམས་པ་ལྷུན་འགྲུབ་བརྩོན་འགྲུས་ཡིན་ནོ། །

E.mail: This email address is being protected from spambots. You need JavaScript enabled to view it.    Contact no: 8105311971

མོན་ཡུལ་རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་གྲྭ་ཚང་།

མོན་ཡུལ་སྐྱིད་མོ་ལྗོངས་ཁུལ་གྱི་ཆེས་དགོན་རྙིང་། ཤར་ཉི་མ་ཚོ་གསུམ་ནམ་ཡིག་ལྷ་ཁང་ཞེས་པ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནས་ཕྱིའི་སྣོད་ཀྱི་བཀོད་པ་འདུ་ཁང་སོགས་ཉམས་གསོ་གནང་སྟེ་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པ་དང་། ཆོས་ཕྱོགས་ཀྱི་མཛད་རིམ་སོགས་ལམ་ལྷོང་གི་ཆེད་དུ། དཔལ་ལྡན་སྨད་རྒྱུད་པའི་སྔགས་རམས་གཙོར་གྱུར་དགེ་འདུན་ཆོག་གྲྭ་ཉི་ཤུ་ལྷག་གིས་སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༢ ཚེས་ ༡༧ དགེ་བའི་ཉིན། རྟ་ཐོག་མའི་ཆོ་གའི་སྒོ་ནས་རབ་གནས་དང་། ཞི་བའི་སྦྱིན་སྲེག་འབུལ་བ་སོགས་གནང་། 

སྤྱི་ཟླ་ ༤ ཚེས་ ༨ ཉིན་གྲྭ་ཚང་རང་གི་དགེ་འདུན་པའི་ཁོངས་ནས་རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་གི་མཁན་པོའི་མཚན་གནས་སུ་འོས་མི་ཁག་ལས། འཕྲིན་སྐུལ་མཚན་ཤོག་འཐེན་པས་རྒྱལ་རོང་སྔགས་རམས་པ་རྒན་ཡེ་ཤེས་བསམ་འཕེལ་ལགས་མཚན་ཐོན་བྱུང་བ་དང་། གྲྭ་ཚང་ནས་ཚོགས་ཆེན་ཚོགས་ཏེ་སྒྲིག་གཞི་ལེགས་བཅོས་ཀྱང་གནང་།

སྤྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༤ ཚེས་ ༡༦ ཉིན་རྒྱུད་སྨད་མཁན་རིན་པོ་ཆེ་མཆོག་གཙོས་མོན་ཡུལ་བླ་ཆེན་རྣམ་པ་དང་མངའ་སྡེའི་བློན་ཆེན་མི་རྗེ་པདྨ་མཁའ་འགྲོ་མཆོག་དབུ་བཞུགས་ཐོག །རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་དབུ་འབྱེད་དང་འབྲེལ་དགོན་པའི་འཛིན་སྐྱོང་བདག་དབང་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་འབུལ་བཞེས་གནང་བའི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་པ་དང་། ཚེས་ ༡༧ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཆོས་འབྲེལ་གནང་བ་དང་། རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་གྲྭ་ཚང་གི་མཁན་པོ་གསར་པའི་ཁྲི་སྟོན་བཅས་མཛད་སྒོ་བཅས་ཚོགས་ཏེ། སྨད་རྒྱུད་གྲྭ་ཚང་གི་ཡན་ལག་རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་གི་མཛད་རིམ་ཁག་དབུ་འཛུགས་གནང་བ་བྱུང་ངོ་། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)