དང་པོ། གླེགས་བམ་གྱི་སྟེང་ནས་འཆད་པ།
ལོ་རེ་བཞིན་དུ་རྒྱུད་འགྲེལ་གཉིས་ཀྱི་འཆད་ཉན་ཐོག་མར་དབུ་འཛུགས་གནང་བ་ལ་བླ་མ་རྒྱུད་མཆོད་བྱ་དགོས་ཤིང་། དེ་ཡང་སྔོན་གྱི་བྱུང་བ་ལས་སྟོན་པ་རྡོ་རྗེ་འཆང་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་པ་ལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་འདུས་པ་བཤད་པར་གསོལ་བ་ལན་གསུམ་བཏབ་པ་ལས་རྒྱུད་གསུངས་ཡིན་ལ། དེ་བཞིན་དུ་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་དབང་དུ་བྱས་ནས། ཚོགས་ཡོངས་ནས་ཐོག་མར་བདག་བསྐྱེད་ཉེར་བསྡུ་དང་བཅས་པ་བཏང་ནས། མདུན་བསྐྱེད་འགོར་རྡོ་རྗེ་སློབ་དཔོན་སྤོས་སྣེ་དང་བཅས་པས་གདན་དྲངས་ནས་བཞུགས་ཁྲི་ལ་འཁོད།
དེ་ནས་རྒྱུད་མཆོད་ཀྱི་ཆོ་ག་བསང་སྦྱངས་སྔོན་དུ་འགྲོ་བའི་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། བཤདརྒྱུད་རྡོ་རྗེ་ཕྲེང་བ་ལས།རྡོ་རྗེ་སློབ་དཔོན་སྐུ་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་བཞུགས། །ཞེས་སོགས་གསུངས་པ་ལྟར། ལུས་དཀྱིལ་ལྷ་སོ་གཉིས་ཆ་ཚང་བསྐྱེད། སློབ་དཔོན་ནས་ཀྱང་དབུ་ཞྭ་དང་རྡོར་དྲིལ་བསྣམས་ཏེ། འཁྱུད་རྒྱ་དང་བཅས་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་དགོས། དེ་ནས་འཁོར་གྱི་ལྷ་ཚོགས་བསྐྱེད་པ་ནས་རྡོར་དྲིལ་དང་དབུ་ཞྭ་དཀོར་གཉེར་ནས་མར་ཞུ་དགོས། དེ་ནས་ཆོ་ག་དཀྱུས་བཞིན་སོང་ནས་གཏོར་འབུལ་འགོར་གསོལ་འདེབས་མཎྜལ་རྒྱས་པ་ཕུལ་ནས། འདུས་པ་གསང་བ་ལས་བྱུང་བ། །ཞེས་སོགས་ལན་གསུམ་གསོལ་བ་འདེབས་དགོས། དེ་ནས་འདས་མ་འདས་ཀྱི་གཏོར་འབུལ་སོགས་དཀྱུས་བཞིན་སོང་ནས་ཉེར་བསྡུ་མི་མཛད་པ་གནད་ཡིན། སྨོན་ལམ་དབུ་སྐུལ་གནང་ནས་རྡོར་སློབ་ཕེབས།
དེ་ལྟར་ཡང་རྗེ་བླ་མས། མཐའ་གཅོད་མྱུ་གུ་ལས། རྒྱུད་འགྲེལ་གཉིས་ཀྱི་གཞུང་འཆད་པ་ལ་སླེབས་པའི་ཐོག་མར། འདུས་པའི་རྒྱུད་གཉིས་ལས་གསུངས་པ་ལྟར་ཕྱི་ནང་གི་མཆོད་པས་མཆོད་ནས་བསྟོད་དེ་གསོལ་བ་གདབ་པར་བྱ། དེ་ཡང་བླ་མ་ལྔ་བཅུ་པ་ནས་གསུངས་པ་ལྟར་ལན་གསུམ་དུ་གསོལ་བ་གདབ་བོ། །ཆོས་ཐུན་རེ་རེ་བཞིན་གྱི་སྔོན་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་གཏོར་མ་དང་མཎྜལ་འབུལ་བ་དམ་པ་སྔ་མ་རྣམས་ཀྱི་ཕྱག་བཞེས་ལྟར་བྱའོ། །ཞེས་པ་ལྟར་ཕྱག་ལེན་མ་ཉམས་པར་མཛད་དགོས་པས། འཆད་ཉན་དངོས་གཞིའི་ཐོག་མར་རྡོ་རྗེ་སློབ་དཔོན་ནས་རྡོར་སེམས་སྒོམ་བཟླས་དབུ་སྐུལ་མཛད་ནས་རྒྱུད་འགྲེལ་ཞུ་བ་པོ་རྣམས་ཀྱིས་དེ་གསུང་བཞིན་དུ་ཕྱག་འཚལ་ནས་བཞུགས། དེ་ནས་ཤེར་སྙིང་དང་འགྲེལ་གཏོར་གཞུང་བཞིན་བཏང་ནས་མཎྜལ་ཕུལ། རྡོར་སློབ་ནས་བརྒྱུད་འདེབས་དབུ་སྐུལ་གནང་དགོས། བརྒྱུད་འདེབས་ཟིན་ནས། སངས་རྒྱས་ཆོས་ཚོགས་མ། ལན་གསུམ་གསུངས། དེ་ནས་ལྷ་ཡི་སྐད་དང་། ཞེས་སོགས་སྤྱི་ལྟར་གསུངས།
དེ་ནས། འདིར་འཇུག་པ་ནི་སྐལ་བ་བཟང་ངོ་ཞེས། །ལེགས་པར་སོམས་ལ་དགའ་བའི་བཞིན་གྱི་མདངས། །རབ་གསལ་འཛུམ་པའི་ཉམས་དང་ལྡན་པ་ཡི། །རྣམ་གཡེང་སྣོད་ཀྱི་སྐྱོན་གསུམ་སྤོང་ལ་ཉོན། །ཞེས་གསུངས་ཏེ་འགྲེལ་པ་དབུ་འཛུགས་གནང་སྟེ། དམིགས་བསལ་གསུང་དགོས་ཡོད་ན་མ་གཏོགས་སྔོན་འགྲོའི་གསུང་བཤད་རྒྱས་པར་གསུང་སྲོལ་མི་འདུག །དེ་ནས་རྒྱུད་འགྲེལ་གྱི་ས་བཅད་བསྡུས་དོན་ནས་གསུངས་ཏེ། ས་བཅད་དེ་དང་དེར་བསྡུས་པ་ལ། ཙ་དང་། ཐ་དང་། ག །གསུམ་ག་ཡོད་ན་ཐོག་མར་རྩ་རྒྱུད་ལ་ཕེབས་པར་ཞུ་ཞེས་གསུངས་ནས་རྩ་རྒྱུད་གསུངས། དེ་ནས་མཐའ་གཅོད་ལ་ཕེབས་པར་ཞུ་གསུངས་ནས་འདུས་པའི་མཐའ་གཅོད་གསུང་། དེ་ནས་འགྲེལ་པ་ལ་ཕེབས་པར་ཞུ་གསུངས་ནས་འགྲེལ་པ་གནང་དགོས་སོ། །
༈ འགྲེལ་པའི་མཆན་ལ། སྟེང་མཆན་དང་། འོག་མཆན་གཉིས། དཀྱུས་མཆན་དང་། ཟུར་མཆན་གཉིས་ཏེ་བཞི་ཡོད་པས་འགྲེལ་པ་དེ་དང་དེའི་ཐད་ཀར་མཆན་གང་དང་གང་ཡོད་ན་དེ་དང་དེ་ལ་ཕེབས་པར་ཞུ་གསུངས་ནས་ཧ་ཅང་ཞིབ་ཚགས་པོར་གསུང་དགོས་ཤིང་། ཡང་། ༼ཀ༽ མིག་བསྒྲིགས་ནས་དཀྲུགས་བཤད་མཛད་དགོས་པ་ཡང་མང་པོར་སྣང་བས་དེ་དག་ལ་རྒྱུད་འགྲེལ་གསན་པ་པོ་རྣམས་ཀྱིས་ཀྱང་ས་བཅད་ནོར་བ་དང་། གོང་འོག་འཁྲུགས་པ་སོགས་བྱུང་ན་སྐད་ལོག་བརྒྱབ་ནས་མ་ཡིན་པར་ཞ་སྨྱུག་སོགས་ཀྱིས་མངོན་ཆུང་གིས་མཁན་པོར་སྒྲ་བརྡ་གཏོང་དགོས། རྒྱུད་པའི་ཤོ་ཀ་ལི་ཡང་ལྡེབ་གྲངས་བཞི་བསྒྲིགས་བྱས་ནས་ཤོང་བ་དགོས། དེ་དག་ཞིབ་པར་མཐོང་བརྒྱུད་ཕྱག་ལེན་དང་སློབ་དཔོན་མེད་པར་རྒྱུད་ལ་རང་དགར་འཇུག་པ་དགག་བྱར་བྱས་ནས་བླ་མའི་མན་ངག་ལ་ལྟོས་དགོས་པ་ལ་ངེས་པ་རྙེད་ནས་འཆད་དགོས་པ་ཡིན་ནོ། །
༈ ལོ་རེ་བཞིན་གྱི་རྒྱུད་འགྲེལ་གསན་པ་པོའམ། རྒྱུད་པས་འགྲེལ་པ་མཉན་མཁན་ཡང་ཟེར། དེ་དག་ནི་ལོ་གཅིག་གི་དགེ་བཤེས་གསར་ཞུགས་རྣམས་དང་བསྐྱེད་རིམ་པ་དགེ་སློང་འཁོར་ཟིན་པ་དང་། སྔོན་ཆད་འགྲེལ་པ་མ་གསན་པའི་བསྐྱེད་རིམ་པ་རྣམས་དང་། ཕྱག་བདེ་བ་རྣམས་དང་བླ་མ་དུང་མཁན་བཅས་ཡོང་དགོས། དེ་ཡང་དབྱར་ཆོས་རིང་འགྲེལ་པ་ཆ་ཚང་བ་གཏན་ནས་ཉན་མེད་ན་སྔགས་རམས་འཁོར་རྒྱུ་མེད།
༈ ཕྱིར་མིག་ལུང་དུ་བདེ་མཆོག་རྒྱུད་འགྲེལ་གཉིས་བསྡུས་དོན་བཅས་འཆད་སྐབས་སུ་ཡང་གསང་འདུས་འགྲེལ་གཏོར་གཏོང་དགོས། དེ་ལ་ཐོག་མར་ས་བཅད་བསྡུས་དོན་ནས་དབུ་འཛུགས་དགོས། གོང་འོག་དཀྲུགས་བཤད་དགོས་པ་རྣམས་མཐོང་བརྒྱུད་ཕྱག་ལེན་ལ་ལྟོས་ནས་ཤེས་དགོས།
༈ དགའ་ལྡན་དུ། གསང་འདུས་བསྐྱེད་རྫོགས་གཉིས་འཆད་ཉན་དེ་ཆོས་ར་དང་གྲྭ་ཁང་གང་རུང་དུ་གནང་སྲོལ་ཡོད། དྭགས་པོའི་བསྐྱེད་རིམ་བརྩི་བཞག་རྒྱ་མཐོངས་ཁ་ནས་གནང་སྲོལ་ཡོད། སྤྱིར་རྒྱ་མཐོངས་བརྩི་བཞག་གསུམ་བརྩི་བ་ཡིན། དགའ་ལྡན་ཆོས་ཐོག་རིང་ལ་རྒྱ་མཐོངས་བརྩི་བཞག་དང་། དགའ་ལྡན་ནས་ཕེབས་ལམ་བདེ་ཆེན་གྲྭ་ཁང་དུ་གསང་འདུས་རྒྱ་མཐོངས་བརྩི་བཞག་དང་། བོད་ཟླ་བདུན་པའི་ཚེས་ ༦ སེ་ར་ཆོས་སྡིངས་སུ་ཊཱིཀྐ་རྒྱ་མཐོངས་བརྩི་བཞག་བཅས་ཡིན།
༈ བསྐྱེད་རྫོགས་གཉིས་མན་ངག་དང་བཤད་པ་གཉིས་ཀའི་ཁོངས་སུ་འགྲོ། སྤྱིར་བཏང་རྒྱུད་པའི་ཞལ་རྒྱུན་ལ་འགོས་ལུགས་བཤད་པ་དང་། མར་ལུགས་མན་ངག་ཅེས་གསུང་སྲོལ་ཡོད་པ་ཡིན། རྗེ་བླ་མས་རིམ་ལྔ་གསལ་སྒྲོན་གྱི་སྐབས་སུ་གཙོ་བོ་མར་ལུགས་འཆད་པ་ཡིན་སྣང་ངོ་། །
གཉིས་པ། ཐུགས་འཛིན་གནང་སྟེ་ཐུགས་ཐོག་ནས་འཆད་པ།
གསང་འདུས་ཊཱིཀྐ་ལྟ་བུ་བརྩི་བཞག་བཏོང་སྐབས། ཊཱིཀྐ་ཆེ་བ་དང་།ཊཱིཀྐ་ཆུང་བ།བསྐྱེད་རིམ་འཛིན་གྲྭ་བཅས་གསུམ་ལ་རིམ་བཞིན་གཏོང་དགོས།ཊཱིཀྐ་ཆེ་བ་ལ་ཐོག་མར་ཊཱིཀྐ་དབུ་ནས་ལེའུ་དང་པོའི་མཚམས་སྦྱར་བར་གསུངས་ནས།བརྡབ་ཆུང་ལ་ཕེབས་པར་ཞུ་གསུངས་ཏེ་དབུ་ཞྭ་ཕུད།ཞལ་ཏ་བ་འདུ་ཁང་སྒོ་འགྲམ་དུ་ཕྱིན་ནས་ལག་པ་བརྡབས་ནས་ཊཱིཀྐ་ཆུང་བ་རྣམས་ཡར་ཕེབས་ཏེ་ཤོ་ཀ་ལི་ཁྱེར་ནས་ཙོག་པུར་བཞུགས།ཊཱིཀྐ་ཆེ་བའི་སྐྱོར་ལན་བླ་མ་དབུ་མཛད་ནས་སྐྱོར་དགོས།དེ་ལྟར་བརྩི་བཞག་ནམ་ཡོད་ལ་ལེའུ་སོ་སོ་ནས་འོས་ཚོད་ཀྱི་བཏང་ནས་ལོ་འཁོར་གཅིག་ལ་ལེའུ་བཅུ་གསུམ་པའི་མཚམས་སྦྱར་བར་ངེས་པར་སླེབས་དགོས་པ་ཡིན།དེ་ནས་ཊཱིཀྐ་ཆེ་བ་རྣམས་ཕྱིར་ཕེབས་རྗེས་ཊཱིཀྐ་ཆུང་བ་རྣམས་ཕྱག་འཚལ་ཏེ་བཞུགས།ཤོ་ཀ་ལི་ཁ་ཕྱེ་ནས་བཞག།མཁན་རིན་པོ་ཆེས་དབུ་ཞྭ་བཞེས་ཏེ་རྒྱུད་ཊཱིཀ་དབུ་ནས་གང་འགྲོ་ཕེབས་ཏེ་ལྡེབ་གྲངས་ཉེར་ལྔ་ཙམ་གསུངས་ནས་གང་ལྟར་ལོ་གཅིག་ལ་ལེའུ་བརྒྱད་པའི་མཚམས་སྦྱར་བར་ཚིག་གཅིག་ཀྱང་མ་ལུས་པ་འགྲོ་དགོས།ཊཱིཀྐ་ཆུང་བའི་བརྩི་བཞག་རྫོགས་ཁར་མཁན་རིན་པོ་ཆེ་ནས་བརྡབ་ཆུང་ལ་ཕེབས་པར་ཞུ་གསུངས་པ་ན།བླ་མ་དགེ་བསྐོས་ཕྱིར་ཕེབས་ཏེ་ཕྱག་བརྡབས་ནས་བསྐྱེད་རིམ་པ་རྣམས་ཡར་ཕེབས་ཏེ་ཙོག་པུར་བཞུགས།མཁན་རིན་པོ་ཆེས་དབུ་ཞྭ་ཕུད་པ་ན་ཊཱིཀྐ་སྐྱོར་དཔོན་ནས་བརྩི་བཞག་གང་གནང་བ་དེ་ཆ་ཚང་ཡར་སྐྱོར་དགོས། ཊཱིཀྐ་སྐྱོར་དཔོན་ནས་ཕྱི་ལོགས་སུ་འཛིན་གྲྭའི་ནང་དུའང་ཚར་གཅིག་སྐྱོར་དགོས།མཁན་རིན་པོ་ཆེས་དབུ་ཞྭ་བཞེས་ཏེ་གསང་འདུས་བསྐྱེད་རིམ་གནང་བ་དང་།དེའི་སྐྱོར་ལན་བསྐྱེད་རིམ་སྐྱོར་དཔོན་ནས་སྐྱོར་དགོས།དབྱར་ཆོས་ཀྱི་འཆད་ཉན་ཊཱིཀྐ་དང་།གསང་འདུས་བསྐྱེད་རིམ་ནི་ཕྱིར་མིག་ལུང་དུ་མཇུག་བསྒྲིལ་བ་དགོས།བརྩི་བཞག་ཐེངས་རེ་མང་ཉུང་ཇི་གནང་མཁན་པོ་རང་གིས་དགོངས་བཅད་ལས་ངེས་ཅན་མེད།
དེ་ནས་འཇིགས་བྱེད་ཆོས་ཐོག་སྐབས་འཇིགས་བྱེད་བསྐྱེད་རིམ་བརྩི་བཞག་གནང་དགོས།འདིའི་སྐྱོར་ལན་འཇིགས་བྱེད་བསྐྱེད་རིམ་སྐྱོར་དཔོན་ནས་སྐྱོར་དགོས།བདེ་ཆེན་སྟོན་ཆོས་ལ་བདེ་མཆོག་བསྐྱེད་རིམ་གནང་དགོས།དེ་ཡང་བདེ་མཆོག་བསྐྱེད་རིམ་སྐྱོར་དཔོན་ནས་སྐྱོར་དགོས།དགའ་ལྡན་དགུན་ཆོས་གསང་འདུས་བསྐྱེད་རིམ་གནང་བར་བླ་མ་དབུ་མཛད་གསར་བཞེངས་ལོར་དེའི་སྐྱོར་ལན་བླ་མས་གསུངས་པའམ།ཡང་ན་ཚབ་བསྒྲིགས་ནས་སྐྱོར་དགོས།གསང་འདུས་བསྐྱེད་རིམ་འདི་ཆོས་ཐོག་འདི་གར་མཇུག་རྫོགས་པར་གནང་དགོས།
གཞན་ཡང་སོ་ཐར་གྱི་མདོ་རྒྱས་པ་བཅས་ལོ་གཅིག་ལ་བློ་འཛིན་གྱི་ཐོག་ནས་འཆད་ཉན་མཛད་སྒོའི་རིམ་པ་རྣམས་བརྗོད་ཟིན་ནས།
ཆོས་ཐོག་དངོས་གཞིའི་འཆད་ཉན་འདི་དག་གི་སྐབས་ཐམས་ཅད་དུ།བླ་མ་ཞལ་ཏ་བས་མཁན་རིན་པོ་ཆེར་སང་ཉིན་འགྲེལ་པ་དང་བརྩི་བཞག་ཡོད་མེད་དགོངས་སྐོར་ཞུས་ནས་བླ་མ་དགེ་བསྐོས་དང་།བླ་མ་བྱང་འདྲེན། སྐྱོར་དཔོན་སོ་སོ་དང་།ཚོགས་བརྡ་སྔ་ཕྱིའི་ཆེད་དུ་རུང་ཁང་སོགས་ལའང་བརྡ་ལན་སྤྲོད་དགོས།བརྩི་བཞག་ཡོད་ན་སྐྱོར་དཔོན་སོ་སོ་ནས་ཤོག་ལྡེབ་མང་ཉུང་དང་ཚིག་མཚམས་བཅས་ཕྱག་དཔེ་བསྣམས་ནས་མཁན་རིན་པོ་ཆེར་དགོངས་སྐོར་ཞུ་རུ་བཅར།འགྲེལ་པ་དང་བརྩི་བཞག་ལ་དཀོར་གཉེར་ནས་མཁན་རིན་པོ་ཆེའི་བཞུགས་གདིང་དང་ཤོ་ཀ་ལི་ཞུས་ནས་ཕར་ཚུར་གདན་འདྲེན་ཞུ་དགོས།
འཆད་ཉན་རེ་རེའི་རྗེས་བསྔོ་སྨོན་གྱིས་རྒྱས་འདེབས་པ།
ཆོས་ཐོག་ཐམས་ཅད་ལ་འགོ་བསླབ་གྲལ་དང་།མཇུག་ཤིས་བརྗོད་བསྔོ་བ་སྨོན་ལམ་སོགས་ཡོད་པར།སྒྲིག་ཡིག་ལས་གསལ་བ་ལྟར་ཤིས་བརྗོད་ཆེན་མོ་རྣམས་ལ་མཁན་རིན་པོ་ཆེ་ཕེབས་ནས་ཆོས་ཐོག་དེ་དང་དེའི་རིང་གི་དགེ་རྩ་རྣམས་བསྟན་འགྲོ་བདེ་ཐབས་དང་ ༧གོང་ས་མཆོག་གི་ཞབས་རིམ་དུ་འགྲོ་བ་དགོས་པ་སོགས་ཀྱི་སྐོར་ལས་བརྩམས་ཏེ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པ་ཡིན།མདོར་ན་པཎ་ཆེན་བསོད་ནམས་གྲགས་པའི་གསུང་ལས། དེ་ལྟར་ན་རྒྱུད་གྲྭ་སྨད་སྟོད་ཅེས་གྲགས་པའི་གྲྭ་ཚང་འདི་དག་དཔོན་སློབ་དང་ཆོས་གྲོགས་ནང་མཐུན་པས་ཉན་བཤད་འཕེལ་བ།དགེ་འདུན་གྱི་བཅའ་ཁྲིམས་ལ་གནས་པས་རྣམ་ཐར་གཙང་བ།སྐྱེ་བོ་ཕལ་ཆེར་ངང་གིས་བྱམས་པས་དད་ཟས་འདུ་བ།མཁའ་འགྲོ་ཆོས་སྐྱོང་རྒྱུན་དུ་འཁོར་བས་བར་ཆད་ཆུང་བ།བླ་མའི་གདན་སར་སློབ་མ་བཞུགས་པས་དམ་ཚིག་གཙང་བ་སོགས་ཏེ།འཇིག་རྟེན་གྱི་ཡོན་གནས་དམ་པ་ཡིན་ནོ་ཞེས་བསྔགས་པ་བཞིན་ཡོང་བར་མཛད་དགོས་སོ། །