དུས་ཐོག་སོ་སོའི་འཆད་ཉན་གྱི་རིམ་པ།

དུས་ཐོག་སོ་སོའི་འཆད་ཉན་གྱི་རིམ་པ།

བོད་ཟླ་གཉིས་པའི་ཚེས་ཤར་ནས་འཕན་པོ་ཞོག་ཆོས་ཐོག་གི་དུས་སུ་མཁན་པོ་གསར་བཞེངས་ཡིན་ན་རང་གིས་དགོངས་གཅོད་ཀྱིས་ཚེས་དྲུག་གི་གོང་ཚེས་ཆ་གང་བཟང་ཞིག་ལ་བླ་མ་རྒྱུད་མཆོད་མཛད་ནས་འགྲེལ་པ་བཞི་སྦྲགས་འཆད་པའི་དབུ་འདི་ནས་འཛུགས་དགོས་པ་ཡིན་ལ། བོད་ཟླ་གཉིས་པའི་ཚེས་བཅུ་གཉིས་ཀྱི་ཉིན་བླ་མ་རྒྱུད་མཆོད་སྒྲིག་ཡིག་ཆེན་མོ་ལྟར་གནང་ཞིང་། བླ་མ་གསར་བཞེངས་ཀྱི་ལོ་མིན་ན་ཚེས་དྲུག་གི་བསླབ་གྲལ་ནས་རྒྱུད་འགྲེལ་བཤད་པ། རྒྱུད་ཊཱིཀ་ལེའུ་དང་པོ་དང་གསང་བ་འདུས་པའི་བསྐྱེད་རིམ་བརྩི་བཞག་རྣམས་དབུ་འཛུགས་དགོས།

༈ བོད་ཟླ་ ༣ ཚེས་ ༢༤ ཞོག་གཉིས་པའི་ཆོས་ཐོག་ཚུགས་ནས་བོད་ཟླ་ ༤ ཚེས་ ༡༡ གི་བསླབ་གྲལ་ནས་རྒྱུད་འགྲེལ་དང་། རྒྱུད་ཊཱིཀ །འདུས་པའི་བསྐྱེད་རིམ་རྣམས་སྔར་གྱི་འཆད་མཚམས་ནས་གཏོར་ཆེན་དང་བདག་འཇུག་སོགས་དུས་ཚོད་དམིགས་བསལ་མ་གཏོགས་འཆད་ཉན་གྱི་བྱ་བ་ཡོད་བཞིན་པ་དགོས། 

༈ ལོ་རེར་འཕན་པོ་དང་ལ་མོ་རེ་མོས་ཡིན་པས། ལ་མོ་ཁེལ་བ་ཡིན་ན། བོད་ཟླ་ ༥ ཚེས་ ༡ ནས་ཞོག་ནས་སྐྱིད་ཆུ་བརྒལ་ནས་ལ་མོར་ཕེབས་སྐབས་རྒྱུད་འགྲེལ་གྱི་འཆད་མཚམས་ལེའུ་བཅུ་གསུམ་པར། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །རྡོ་རྗེ་སེམས་དཔའ་རྟག་ཏུ་བསྒོམ། །སངས་རྒྱས་རིམ་བཞིན་དཀོད་ནས་ནི། །ཆུ་ཡི་སྟེང་དུ་བཅག་པར་བྱ། །ཞེས་པའི་སྐབས་ཁེལ་བ་ཡིན་ཞེས་པའི་གསུང་རྒྱུན་སྣང་། སྔགས་ཀྱི་དངོས་གྲུབ་བརྙེས་པ་འགའ་ཞིག་སྐྱིད་ཆུ་ལ་གདིང་བ་བཏིང་ནས་ཕེབས་པ་ཡིན་ཞེས་རྒྱུད་རྒན་ཚོའི་བཤད་སྲོལ་འདུག །

༈ བོད་ཟླ་ ༥ ཚེས་ ༤ ནས་རྒྱུད་ཊཱིཀ་ལེའུ་གཉིས་པའི་དབུ་ནས་གནང་དགོས་ཤིང་། གཞན་ཡང་ཆོས་ཐོག་འདིའི་བསླབ་གྲལ་ནས་རྒྱུད་འགྲེལ་ཆེན་མོའི་འཆད་ཉན་དང་། འདུས་པའི་བསྐྱེད་རིམ་བརྩི་བཞག་བཅས་སྔོན་མའི་འཕྲོ་ནས་མུ་མཐུད་དེ་གནང་བ་ཡིན།

༈ འཕན་པོ་འབུམ་སྟེང་དུ་བོད་ཟླ་ ༥ ཚེས་ ༤ བསླབ་གྲལ་ཉིན་རྒྱུད་ཊཱིཀ་ལེའུ་གཉིས་པ་དབུ་འཛུགས་གནང་ནས་ལ་མོ་ཆོས་ཐོག་དང་འདྲའོ། །

༈ བོད་ཟླ་ ༥ ཚེས་ ༡༨ ནས་བདེ་ཆེན་དབྱར་ཆོས་ཀྱི་ཚེས་ ༢༢ ཉིན་བསླབ་གྲལ་ནས་རྒྱུད་འགྲེལ་དང་རྒྱུད་ཊཱིཀ་དང་། བསྐྱེད་རིམ་གྱི་འཆད་ཉན་གོང་བཞིན་ཡིན། 

༈ བོད་ཟླ་ ༦ ཚེས་ ༨ ནས་ཚལ་ཆོས་ཐོག་ཚེས་ ༡༡ གི་བསླབ་གྲལ་ནས་རྒྱུད་འགྲེལ་དང་། རྒྱུད་ཊཱིཀ །བསྐྱེད་རིམ་གྱི་འཆད་ཉན་གོང་བཞིན་ཡིན།

༈ བོད་ཟླ་ ༦ ཚེས་ ༢༤ ནས་འབྲས་སྤུངས་ཧར་གདོང་ཆོས་ཐོག་གི་ཚེས་ ༢༦ བསླབ་གྲལ་ནས་འཆད་ཉན་སྔར་གྱི་འཕྲོ་ནས་ཕེབས།

༈ བོད་ཟླ་ ༧ ཚེས་ ༡ ནས་སེ་ར་ཆོས་སྡིངས་སུ་ཚེས་ ༢ ཉིན་གྱི་བསླབ་གྲལ་ནས་འཆད་ཉན་སྔར་གྱི་འཕྲོ་ནས་གང་འགྲོ་ཕེབས།

༈ བོད་ཟླ་ ༧ ཚེས་ ༢༡ ནས་ཕྱིར་མིག་ལུང་གི་ཆོས་ཐོག་གི་བསླབ་གྲལ་ནས་འཆད་ཉན་རྒྱུད་འགྲེལ་དང་། ཊཱིཀྐ། གསང་འདུས་བསྐྱེད་རིམ་། སྔར་གྱི་འཕྲོ་ནས་ཕེབས་དགོས། འདིའི་སྐབས་བདེ་མཆོག་གི་རྩ་རྒྱུད། རྒྱུད་འགྲེལ་སྦས་དོན་ཀུན་གསལ་ས་བཅད་བསྡུས་དོན་དང་བཅས་པ་འཆད་དགོས།

[ སྤྱི་ལོ་ ༡༩༨༣ ལོར་ ༧ གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཞལ་སྔ་ནས་སྨད་རྒྱུད་དུ་བདེ་མཆོག་རྩ་རྒྱུད་དང་བདེ་མཆོག་གི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གཉིས་ཀྱི་བཀའ་ཁྲིད་སྩལ། ]

༈ བོད་ཟླ་ ༧ ཚེས་ ༢༢ ཉིན་གསང་འདུས་ལྷ་གྲངས་དང་མཉམ་པར་དབྱར་ཆོས་འཁོར་ཟིན་པའི་རྒྱུད་གྲྭ་སོ་གཉིས། ཁྲིད་ཁང་ཞེས་ཟུར་དུ་བཅད་རྒྱའི་ཁང་མིག་ཤིན་ཏུ་དབེན་པ་མི་རེ་ཚུད་ཙམ་གྱི་ཁང་ཆུང་སོ་གཉིས་ཕྱི་བསྐོར་དང་བཅས་ཡོད་པ། རྒན་རིམ་ནས་མི་རེས་ཁང་ཆུང་རེ་བཟུང་ནས་ཟླ་བ་བརྒྱད་པའི་ ༢༢ བར་བསྙེན་མཚམས་ཁང་དུ་བཞུགས་དགོས། དེའི་སྐབས་སུ་མཁན་པོས་རིམ་ལྔའི་དམར་ཁྲིད་བརྩི་བཞག་གནང་དུ་ཕེབ་པ་མ་གཏོགས་གཞན་སུ་ཡང་འགྲོ་བསྐྱོད་མི་ཆོག །

[ ཁྲིད་ཁང་པ་རྣམས་འདུས་མང་གུང་ཚིགས་ཚོགས་པ་དང་སྐུ་གཉེར་ནས་སྤོས་སྣ་དང་བཅས། གྲྭ་ཚང་ཐོག་ཁར་བཞུགས་གདན་བསྣམས་ནས་ཕེབས། དེ་ནས་མཁན་རིན་པོ་ཆེ་དབུ་བཞུགས་ཀྱིས་གཏང་རག་གི་བླ་མ་རྒྱུད་མཆོད་གནང་བ་ཡིན་པས། མདུན་བསྐྱེད་ཀྱི་བསྟོད་པའི་སྐབས། སྒྱུ་ལུས་དང་འོད་གསལ་བསྟོད་པ་སོགས་གསུང་། ཚོགས་ཆེན་གུང་ཚིགས་གྲོལ་བ་དང་ཁྲིད་ཁང་པ་རྣམས་ནས་བླ་མ་རྒྱུད་མཆོད་ཟིན་པར་བྱས་རང་རང་གི་བཞུགས་གདན་གྲྭ་ཁང་དུ་རང་གནས་སུ་བརྒྱབ། དེ་ནས་དབྱངས་རར་ཕེབས། དབྱངས་ར་གྲོལ་བ་དང་ཁྲིད་ཁང་པ་དང་། འགྲེལ་པ་ཞུ་མཁན་རྣམས་མཁན་རིན་པོ་ཆེའི་དྲུང་ནས་རྫོགས་རིམ་མན་ངག་ཁྲིད་ཆེན་བརྒྱད་ཀྱི་ལྗགས་ལུང་ཞུ་བ་ཡིན། ]

༈ བོད་ཟླ་ ༨ ཚེས་ ༡༥ ནས་དབྱངས་ར་ཆེན་མོའི་སྐབས་རྒྱུད་འགྲེལ་ཆེན་མོ་དང་། རྒྱུད་ཊཱིཀ་ལེའུ་བརྒྱད་པའི་མཚམས་སྦྱར་ཡན་དང་། བདེ་མཆོག་གི་རྩ་རྒྱུད། རྒྱུད་འགྲེལ་སྦས་དོན་ཀུན་གསལ་ས་བཅད་བསྡུས་དོན་དང་བཅས་པ། འདུས་པའི་བསྐྱེད་རིམ་ཡོངས་སུ་རྫོགས་པའི་འཆད་ཉན་ཕལ་ཆེར་ཟིན་པ་དགོས། ཕྱིར་མིག་ལུང་དུ་གྲྭ་མང་ལ་བརྩི་བཞག་ཡོད་རིགས་ལ་ཁྲིད་ཁང་ནང་རྫོགས་རིམ་དམར་ཁྲིད་ཁྲིད་ཁང་བརྩི་བཞག་གནང་བར་མཁན་རིན་པོ་ཆེ་ཕེབས་ཏེ་དབུ་ཞྭ་དང་སྐུ་ཆོས་བཞེས་ཏེ་གནང་དགོས། དེའི་སྐྱོར་ལན་ཁྲིད་དཔོན་ནས་སྐྱོར་དགོས། འདི་དམར་ཁྲིད་རྡོ་ལག་བརྒྱུད་ཅེས་པ་དེ་ཡིན་སྣང་། འདི་ཡང་ཐེངས་མང་ཉུང་མཁན་པོས་དགོངས་བཅད་ཀྱིས་གནང་དགོས། ཕྱིར་མིག་ལུང་དུ་ཁྲིད་ཁང་པའི་བླ་མ་རྒྱུད་མཆོད་སྐབས་མན་ངག་རྡོ་ལག་བརྒྱུད་རྫོགས་རིམ་ཁྲིད་ཆེན་བརྒྱད་ཅེས་བྱ་བ་གནང་དགོས། [ དེ་ཡང་གསང་འདུས་ལུགས་གཉིས། བདེ་མཆོག་ལཱུ་དྲིལ་གཉིས། འཇིགས་བྱེད་རྫོགས་རིམ་རྣལ་འབྱོར་བཞི། ཕྱག་རྡོར་འཁོར་ཆེན་གྱི་རྫོགས་རིམ། དུས་འཁོར་སྦྱོར་དྲུག །ནཱ་རོ་ཆོས་དྲུག་བཅས་ཡིན། ]

༈ བོད་ཟླ་ ༨ ཚེས་ ༢༢ ཉིན་ལོ་འདིའི་འགྲེལ་པ་ཞུ་བ་པོ་རྣམས་དང་། ཁྲིད་ཁང་པ་སོ་གཉིས་བཅས་ནས་གྲྭ་ཚང་གི་སྟེང་དུ་མཁན་རིན་པོ་ཆེའི་མདུན་ནས་རྫོགས་རིམ་མན་ངག་ཁྲིད་ཆེན་བརྒྱད་ཅེས་བྱ་བ་དཔེ་ཐོག་ནས་གནང་བ་དེ་དག་ཞུས་ནས། བླ་མ་རྒྱུད་མཆོད་ལ་སྒྱུ་ལུས་དང་འོད་གསལ་གྱི་བསྟོད་པ་སོགས་མཛད་དེ། གཏང་རག་ཚོགས་འཁོར་དང་བཅས་པ་འབུལ་དགོས།

༈ བོད་ཟླ་ ༨ ཚེས་ ༢༧ ཉིན་ལོ་འདིའི་རྒྱུད་འགྲེལ་ཆེན་མོའི་བཤད་པ་རྫོགས་པ་ཡིན་ཞིང་། ཕྱིར་མིག་ལུང་དུ་དབྱར་ཆོས་ཀྱི་རྒྱུད་འགྲེལ་གྱི་འཆད་ཉན་ཟིན་པས་གཏང་རག་གི་བླ་མ་རྒྱུད་མཆོད་སྐབས་གཞན་གོང་ལྟར་ལ་མཎྜལ་ཕུལ་རྗེས། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ་གསུངས། དེ་ནས་རྒྱུད་འགྲེལ་དབང་བསྐུར་བའམ་རྒྱུད་གཏད་པའི་ཚུལ་ནི། དགེ་འདུན་གསུམ་གསུམ་གྱིས་སྐུ་ཕྱག་གསུམ་རེ་ཕུལ་ཏེ། རྡོར་སློབ་ཀྱིས་རྒྱུད་འགྲེལ་ཕྱག་ཏུ་བཞེས་ནས། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་བཟུང་ཞིག །ཅེས་བཀའ་བསྒོས་ཏེ་རྡོ་རྗེ་སློབ་མ་རྣམས་ཀྱིས་ཀྱང་རྡོ་རྗེ་འཆང་དངོས་ཀྱིས་བཀའ་བསྒོ་བར་མོས་ནས་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས། དེ་བཞིན་དུ་བགྱིའོ། །ཞེས་ཁས་བླང་སྟེ་རིམ་བཞིན་སྒོ་འཕྱོར་འོག་ཏུ་སྒྱུ་ལུས་བསྟོད་པ་གསུང་དུ་ཕེབས། དེ་ནས་རྡོ་རྗེ་སློབ་དཔོན་ལ་གཏང་རག་མཆོད་བསྟོད་དང་སྨོན་ལམ་དང་ཤིས་བརྗོད་བྱའོ། །

༈ བོད་ཟླ་ ༩ ཚེས་ ༩ ཉིན་འཇིགས་བྱེད་ཆོས་ཐོག་བསླབ་གྲལ་ནས་འཇིགས་བྱེད་བསྐྱེད་རིམ་གྱི་བརྩི་བཞག་དབུ་འཛུགས་གནང་བ་ཡིན། འདིའི་ལན་འཇིགས་བྱེད་བསྐྱེད་རིམ་སྐོར་དཔོན་ནས་སྐྱོར་ཏེ་ཆོས་ཐོག་འདིའི་ནང་རྫོགས་པ་དགོས།

༈ བོད་ཟླ་ ༩ ཚེས་ ༢༤ ཉིན་བདེ་ཆེན་སྟོན་ཆོས་ཀྱི་བཞུགས་གདིང་བསྐྱོན་རྒྱུ་དང་། ཚེས་ ༢༦ ཉིན་བསླབ་གྲལ་ནས་བདེ་མཆོག་བསྐྱེད་རིམ་གྱི་བརྩི་བཞག་དབུ་འཛུགས་གནང་བ་ཡིན། འདིའི་ལན་བདེ་མཆོག་བསྐྱེད་རིམ་སྐྱོར་དཔོན་ནས་སྐྱོར་དགོས།

༈ བོད་ཟླ་ ༡༠ ཚེས་ ༥ ཉིན་གསང་འདུས་ཆོས་ཐོག་གི་བསླབ་གྲལ་ནས་བརྩི་བཞག་བདེ་མཆོག་བསྐྱེད་རིམ་གཏོང་དགོས། 

༈ བོད་ཟླ་ ༡༡ ཚེས་ ༢༣ དགའ་ལྡན་ཆོས་ཐོག་གི་བསླབ་གྲལ་ནས་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གཉིས་ཀྱི་བཤད་ཁྲིད་དང་། གསང་འདུས་བསྐྱེད་རིམ་བླ་མའི་ཞལ་ལུང་གི་བརྩི་བཞག་གཏོང་དགོས། འདིའི་ལན་བླ་མ་དབུ་མཛད་གསར་པ་བཞེངས་ལོ་ཡིན་ན་བླ་མས་སྐྱོར་དགོས། དེ་མིན་ཚབ་བསྒྲིགས་ནས་སྐྱོར་དགོས་པས། ཆོས་ཐོག་འདི་ལ་དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་འཆད་ཉན་སྐུ་ངལ་ཆེ་བའི་གྲས་ཤིག་ཡིན། 

[ སྤྱི་ལོ་ ༡༩༧༠ ལོར་ ༧ གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཞལ་སྔ་ནས་རྡ་ས་ཕོ་བྲང་ཚོམས་ཆེན་དུ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གཉིས་ཀྱི་བཀའ་ཁྲིད་སྩལ། ]

༈ བོད་ཟླ་ ༡༢ ཚེས་ ༨ ཉིན་བདེ་མཆོག་ཆོས་ཐོག་གི་བསླབ་གྲལ་ནས་བརྩི་བཞག་བདེ་མཆོག་བསྐྱེད་རིམ་སྔར་གྱི་འཕྲོ་ནས་ཕེབས་དགོས།

༈ བོད་ཟླ་ ༡༢ ཚེས་ ༢༣ ཉིན་འབྲས་སྤུངས་བསམ་བློ་ཆོས་ཐོག་གི་བསླབ་གྲལ་ནས་བརྩི་བཞག་ནི་བདེ་མཆོག་བསྐྱེད་རིམ་སྔར་གྱི་འཕྲོ་ནས་ཕེབས་དགོས།

༈ བོད་ཟླ་ ༡ ཚེས་ ༡ ཉིན་བདེ་མཆོག་བསྐྱེད་རིམ་བརྩི་བཞག་མཇུག་བསྒྲིལ་ནས། དབྱར་ཆོས་ཀྱི་ཊཱིཀྐ་ལེའུ་དང་པོ་དང་། གསང་བ་འདུས་པའི་བསྐྱེད་རིམ་གཉིས་རྟེན་འབྲེལ་སླད་དབུ་འཛུགས་གནང་དགོས།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)