དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་རའི་ནང་དུ་ཧུན་སུར་རབ་རྒྱས་གླིང་གི་སྐྱ་སེར་ཚང་མ་འཛོམས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་སྐུའི་འཁྲུངས་སྐར་དགའ་དད་སྤྲོ་བས་གཟབ་རྒྱས་ངང་ཞུས་སོང་།
དེ་ཡང་འཛམ་གླིང་ས་ཕྱོགས་གང་སར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་བརྒྱད་ཅུ་གྱ་དགུ་དང་། བོད་ལུགས་ལ་དགུང་གྲངས་དགུ་བཅུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་། ཉེ་དུས་༢༠༢༤ལོའི་ཟླ་ ༡ ཚེས་ ༡༧ དང་ ༡༨ ལ། རྒྱ་གར་རྒྱལ་ས་ལྡི་ལི་རུ་ཨེ་ཤ་ཡ་ནང་པའི་ཞི་བདེ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་འོག་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་བཅུ་ལྷག་ནས་ཆོས་ཚོགས་ཉི་ཤུ་ཙམ་གྱི་མཁན་བླ་དགེ་གསུམ་དང་སྐུ་ཚབ་མི་སྣ། མཁས་དབང་སོགས་ཕེབས་ཤིང་། རྒྱ་གར་གྱི་ཆབ་སྲིད་མི་སྣ་སོགས་ཀྱང་མཉམ་ཞུགས་གནང་ནས་ཨེ་ཤ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཐེངས་བཅུ་གཉིས་པ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཚོགས་ཞུགས་པ་སྤྱི་མོས་ཀྱིས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་ཆེ་བསྟོད་སླད། ༧གོང་ས་མཆོག་ལ་འཛམ་གླིང་ནང་པ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཆེན་པོ་[ Universal Supreme Leader of Buddhist Worid ] ཞེས་མཚན་བསྟོད་ཕུལ་བ་དང་འབྲེལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་འཛམ་གླིང་སྙིང་རྗེའི་ཉིན་མོར་ [ Universal Day of Compassion ] སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་བཞག་པ་ལྟར། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་རའི་ནང་དུ་ཧུན་སུར་རབ་རྒྱས་གླིིང་གི་སྐྱ་སེར་ཚང་མ་འཛོམས་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་སྙིང་རྗེ་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཤིང་། ཉིན་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་ཀྱི་༧སྐུའི་འཁྲུངས་སྐར་ཉིན་ནིའུ་ཡོག་གི་བཞུགས་གནས་མགྲོན་ཁང་ནས་དད་ལྡན་སྤྱི་དང་། ལྷག་པར་གཞིས་བྱེས་བོད་མི་ཡོངས་ལ་བཀའ་དྲིན་ཆེན་པོས་བརྙན་ལམ་ནས་གསུང་འཕྲིན་སྩལ་གནང་སོང་། རྒྱུད་སྨད་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༤།༠༧།༠༧།ལ།