རབ་བྱུང་ཞེས་པ་ཇི་ལྟར་ཡིན་ཞེ་ན། དེའི་རྩིས་གཞི་སྐད་ཅིག་མའི་སྟེང་ནས་ཡིན་པས། དེ་ཡང་ནད་པ་མ་ཡིན་པའི་མིའི་སེ་གོལ་གཅིག་ཏོག་པའི་ཡུན་ལ་དྲུག་ཅུ་རེ་ལྔར་ཕྱེ་བའི་ཆ་གཅིག་གི་ཡུན་ལ་དུས་མཐའི་སྐད་ཅིག་མར་བྱེ་སྨྲས་འདོད། སུམ་བརྒྱ་དྲུག་ཅུ་རེ་ལྔར་ཕྱེ་བའི་གཅིག་གི་ཡུན་ལ་དུས་མཐའི་སྐད་ཅིག་མར་གྲུབ་མཐའ་གོང་མ་རྣམས་འདོད། སྤྱིར་ཐུན་མོང་ལྟར་ན་དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་ལ་སྐད་ཅིག་མ། སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག །ཐང་བཅུ་ལ་ཡུད་ཙམ། ཡུད་ཙམ་སུམ་ཅུ་ལ་ཞག་གཅིག །ཞག་སུམ་ཅུ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ལོ་དྲུག་ཅུ་ལ་རབ་བྱུང་གཅིག་རྩིས་པའོ། །
འོ་ན། རབ་བྱུང་ཐོག་མར་ཡུལ་གང་ལ་དུས་ནམ་བྱུང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཚུལ་མཛད་པའི་དུས་ལ་ཆུ་རྟ་ལོ་དང་ཤིང་རྟ་ལོ་སོགས་རྩིས་ཚུལ་མང་མོད། ཆུ་རྟ་ལོའི་ས་གའི་ཉ་ལ་སངས་རྒྱས་ཚུལ་མཛད། དེ་ནས་བརྩིས་པའི་ཞག་ཞེ་དགུ་པ་རགས་རྩིས་ཀྱིས་ཆུ་སྟོད་ཟླ་བའི་ཚེས་བཞི་དང་། ཞིབ་རྩིས་ལ་ཞག་མི་ཐུབ་དོར་བའི་དབང་དུ་བྱས་ནས་ཚེས་དྲུག་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། བཅུ་གཉིས་པ་ནག་ཟླའི་ཚེས་བཅོ་ལྔ་ལ་ཤེར་ཕྱིན་གྱི་མདོ་དང་དུས་འཁོར་རྩ་རྒྱུད་གཉིས་མཉམ་དུ་གསུངས་པ་ཡིན་ཏེ། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།། དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་གསུངས། །
དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། བཅུ་གཉིས་པ་ནག་པ་ཉ་ལ་ཤྲཱི་དྷ་‹་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུངས་སོ། །ཞེས་གསུངས་པའི་བཅུ་གཉིས་པ་ཞེས་པ་ལ་བཤད་ཚུལ་མང་པོ་ཡོད་མོད། དུས་འཁོར་ལུགས་ལ་ལོ་མགོ་ནག་ཟླ་ནས་འཛིན་པ་དང་། ས་ག་ནས་འཛིན་པ་གཉིས་ཡོད་པར་མཁས་གྲུབ་ནོར་བཟང་རྒྱ་མཚོས་གསུངས་པ་དང་། སངས་རྒྱས་པའི་དུས་དེ་ནས་བརྩིས་པའི་ཟླ་བ་བཅུ་གཉིས་པ་ནག་པ་ཟླ་བ། ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པའི་ཊཱིཀ་ཆེན་ལས་གསུངས། །དུས་འཁོར་རྩ་རྒྱུད་གསུངས་པའི་དུས་དེ་ནས་བརྒྱད་བརྒྱ་ཙམ་ལ། རིགས་ལྡན་ཉེར་ལྔའི་དབང་དུ་བྱས་ན་གཉིས་པ་རིགས་ལྡན་པདྨ་དཀར་པོས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་གསུངས།
སྐབས་ཤིག་རྒྱ་གར་ལ་དུས་འཁོར་གྱི་བསྟན་པ་ཅུང་སྣུབ་པ་ན་པཎ་ཆེན་ཙི་ལུ་དང་དུས་ཞབས་ཆེ་བ་སོགས་ཀྱིས་ཤམ་བྷ་ལ་ནས་རྒྱ་གར་འཕགས་པའི་ཡུལ་དུ་དུས་འཁོར་གྱི་བསྟན་པ་དར་བར་མཛད། དེ་རྗེས་བོད་ནས་འབྲོ་ལོ་ཤེས་རབ་གྲགས་སོགས་རྒྱ་གར་འཕགས་པའི་ཡུལ་དུ་སློབ་གཉེར་ལ་ཕེབས་པ་རྣམས་ཀྱི་གངས་ཅན་བོད་ཀྱི་ཡུལ་དུ་དུས་འཁོར་གྱི་བསྟན་པ་མེ་ཡོས་ལོར་སྤྱན་འདྲེན་པའོ། །དེ་ནས་རྩིས་པའི་སྤྱི་ལོ་༡༩༧༥བོད་རྒྱལ་ལོ་༢༡༠༢རབ་བྱུང་༡༧རབ་ལོ་༤༩པའོ། །དུས་ད་ལྟའི་སྐབས་ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་ཉེར་གཅིག་པ་རྨུགས་བྱེད་ཀྱི་སྤྲུལ་པ་རིགས་ལྡན་མ་འགག་པ་རེད། རིགས་ལྡན་ཞེ་གསུམ་བརྩིས་ཚུལ་གཅིག་ཀྱང་ཡོད། འདིར་མང་དོགས་ནས་མ་བྲིས་སོ། །རྒྱ་ནག་གི་ཡུལ་ཞིག་ཏུ་རུས་སྦལ་ངོ་མཚར་ཅན་རྒྱབ་ཏུ་དུས་ཚིགས་ཀྱི་རི་མོ་ཡོད་པ་ཞིག་བྱུང་བ་རྙེད་པ་ནས་རྩིས་ཀྱི་སྐོར་ཆེས་ཆེར་དར་བ་རེད་ཅེས་ཟེར། དེ་ནས་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ལོའི་བར་ལོ་གྲངས་བཞི་སྟོང་སོང་ཞེས་ཐུའུ་བཀྭན་རིན་པོ་ཆེས་གསུངས།
བོད་ལ་དུས་འཁོར་གྱི་བསྟན་པ་ཕེབས་པའི་མེ་ཡོས་ལོ་འདི་ནས་རབ་བྱུང་གི་མགོ་བཙུགས། ད་བར་རབ་བྱུང་༡༦རབ་ལོ་༤༩ གཞན་ཡང་། ལོ་ཟླ་ཞག་གསུམ་རྩིས་ཚུལ་མི་འདྲ་བ་གསུམ་ཡོད། ཁྱིམ་ཞག །ཚེས་ཞག །ཉིན་ཞག་དང་གསུམ། དང་པོ་ནི། ཉི་ཟླ་སྐར་གསུམ་གྱིས་ས་ཆེན་དུམ་བུ་བཅུ་གཉིས་ལ་ལོངས་སྤྱོད་ཚུལ་གྱི་དབང་དུ་བྱས་པ་དང་། གཉིས་པ་ནི། ཟླ་བའི་འཕེལ་འགྲིབ་ལ་ལྟོས་པ་དང་། གསུམ་པ་ནི། ཉིན་སུམ་ཅུ་རིམ་པར་རོ།། ཁྱིམ་ཞག་གི་དབང་དུ་བྱས་པའི་ལོའི་མགོ་ལུག་ཁྱིམ་གྱི་རི་མོ་ཤར་པ་ནས་རྩིས། ལོ་འཁོར་གཅིག་གི་ཟླ་ཐོ་ལོ་ཐོ་ཧོར་ཟླ་གསུམ་པ་ནས་མགོ་ཚུགས་པ་ཁྱིམ་ལོའི་དབང་དུ་བྱས་པ་རེད། ལོ་གཅིག་ལ་དབྱར་སྟོན་དགུན་དཔྱིད་བཞི། རེ་རེ་ལ་ཟླ་བ་གསུམ་གསུམ་ཡོངས་གྲགས་དང་། ཕྱག་དར་ཁྲོད་པའི་གོས་ངོས་བཟུང་བའི་ཚད་དུ་དུས་ཚིགས་གསུམ་དུ་ཕྱེ་ཚུལ་སྔར་བཤད་ཟིན། དབྱར་སྔ་མ་ཁས་ལེན་པའི་དུས་ངོས་བཟུང་བའི་ཆེད་དུ་དུས་ཚིགས་ལྔར་ཕྱེ། གསོ་སྦྱོང་བཅུ་བཞི་པ་ངོས་བཟུང་བའི་ཆེད་དུ་དུས་ཚིགས་དྲུག་ཏུ་ཕྱེ། བསླབ་པ་རྒན་གཞོན་ངོས་བཟུང་བའི་ཆེད་དུ་དུས་ཚིགས་ཉེར་གཉིས་ཕྱེ་བ། འདུལ་བར་གསུངས།
འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་ལས་དྲངས།
གྲངས་གནས་དྲུག་ཅུ་འདྲེན་ཚུལ།
གྲངས་ཀྱི་གནས་དྲུག་ཅུ་འདྲེན་ཚུལ་ཡོད་དེ། ལུང་སིལ་བུ་ལས། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཆེན་པོ་ཟླ་དང་བཅས་པ་ནི། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །པང་སྟེང་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིང་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉི་ཤུ་གཅིག །བར་དུ་བརྒྱད་ནི་མ་རྙེད་པས། །རང་གི་མིང་གང་རུང་བ་གཞུག །གྲངས་མེད་བར་དུ་བཅུ་འགྱུར་བསྒྲེས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། སངས་རྒྱས་འབྱུང་བའི་དུས་ཡོད་དེ། ཡར་འཕེལ་ལ་སེམས་ཅན་རྣམས་སྐྱོ་ཤས་ཆུང་བས་མི་འབྱུང་ལ། བརྒྱད་ཁྲི་ནས་མར་ནི་འགྲིབ་པ་ཡི་བརྒྱ་ཡི་བར་ལ་འབྱུང་བའི་ཕྱིར། མར་ནིའི་འགྲུབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །ཞེས་སོ། །
ཐེག་པ་ཆེན་པོ་ལྟར་ན་ཚེ་ལོ་བཅུ་པའི་དུས་སུའང་སངས་རྒྱས་འབྱུང་བར་བཤད་པ་ཡོད་དེ། སྙིང་རྗེ་པདྨ་དཀར་པོ་ལས། ཚེ་ལོ་བཅུ་པའི་དུས་སུ་འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་ཞེས་བྱ་བར་མི་མཐེ་བོང་ཙམ་གྱི་ནང་དུ་སངས་རྒྱས་སྐར་མ་དགའ་བ་ཞེས་བྱ་བ་སྐུ་གཟུགས་ཁྲུ་གང་སོར་བདུན་ཡོད་པ་ཞིག་འབྱུང་བར་བཤད་པའི་ཕྱིར། ཁ་ཅིག་དེ་ནི་འཇིག་རྟེན་གྱི་ཁམས་གཞན་ལ་དགོངས་པ་ཡིན་ཟེར་ཏེ་དཔྱད་པར་བྱའོ། །
བུ་སྟོན་ཆོས་འབྱུང་ལས་གྲངས་ཀྱི་གནས་དྲུག་ཅུར་ཕྱེ་བའི་ཐ་མ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། གྲངས་ནི། གཅིག །བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར། ཐེར་འབུམ། ཐེར་འབུམ་ཆེན་པོ། ཁྲག་ཁྲིག །ཁྲག་ཁྲིག་ཆེན་པོ། རབ་བཀྲམ། རབ་བཀྲམ་ཆེན་པོ། གཏམས། གཏམས་ཆེན་པོ། དཀྲིགས། དཀྲིགས་ཆེན་པོ། མི་འཁྲུགས། མི་འཁྲུགས་ཆེན་པོ། ཁྱད་ཕྱིན། ཁྱད་ཕྱིན་ཆེན་པོ། པང་སྟེང་། པང་སྟེང་ཆེན་པོ། དེད་འདྲེན། དེད་འདྲེན་ཆེན་པོ། མཐའ་སྣང་། མཐའ་སྣང་ཆེན་པོ། རྒྱུ་རིག །རྒྱུ་རིག་ཆེན་པོ། འོད་མཛེས། འོད་མཛེས་ཆེན་པོ། དབང་པོ། དབང་པོ་ཆེན་པོ། ལེགས་ཕྱིན། ལེགས་ཕྱིན་ཆེན་པོ། རྟོགས་འགྲོ །རྟོགས་འགྲོ་ཆེན་པོ། འབྱིང་རྡུལ། འབྱིང་རྡུལ་ཆེན་པོ། རྒྱ་རྟགས། རྒྱ་རྟགས་ཆེན་པོ། སྟོབས་འཁོར། སྟོབས་འཁོར་ཆེན་པོ། བརྡ་ཤེས། བརྡ་ཤེས་ཆེན་པོ། རྣམ་འབྱུང་། རྣམ་འབྱུང་ཆེན་པོ། སྟོབས་མིག །སྟོབས་མིག་ཆེན་པོ། གྲངས་མེད་པ་སྟེ། བར་གྲངས་ཀྱི་གནས་གཞན་བརྒྱད་ཆད་ཅེས་གསུངས་སོ། །ཞེས་གསུངས།