སེར་སྨད་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་ནི། སྤྱི་ལོ་ ༡༩༢༨ ལོར་རྒྱལ་རོང་ཅོག་ཙེ་ས་ཁུལ་དུ་ཡབ་དོན་གྲུབ་དང་ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༡༩༤༥ ལོའི་བོད་ཟླ་ ༣ ཚེས་ ༡༣ ཉིན་ཟླ་བ་བཞིའི་རིང་འགྲུལ་བཞུད་གནང་སྟེ། བོད་ཟླ་ ༧ ཚེས་ ༡༢ ཉིན་སེ་ར་ཐེག་ཆེན་གླིང་དུ་འབྱོར། དེར་སེར་སྨད་གྲྭ་ཚང་དུ་སྒྲིག་ཞུགས་དང་རབ་བྱུང་སོགས་ཀྱི་བསླབ་སྡོམ་མནོས་ཤིང་། གཞུང་ཆེན་ཁག་ལ་སློབ་གཉེར་གནང་། སྐབས་གཉིས་པའི་འཛིན་གྲྭ་ནས་སློབ་གཉེར་བ་གཞན་ལ་དཔེ་ཁྲིད་གནང་། ༡༩༥༩ ནས་ ༡༩༦༢ བར་རྒྱའི་འོག་ཏུ་སྐུ་ངལ་བསྐྱོན་དགོས་བྱུང་། ༡༩༦༢ ལོར་སྐུ་རྐྱང་འབྲུག་ཡུལ་བརྒྱུད་འཕགས་ཡུལ་དུ་ཕེབས་ཏེ། སྦག་སར་བཞུགས་ཤིང་། དཔེ་ཁྲིད་གནང་། ༡༩༦༦ ལོར་སྦག་སར་ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས། ལོ་དེར་སེར་སྨད་གྲྭ་ཚང་གི་མཁན་པོའི་འགན་བཞེས། ༡༩༧༠ ལོའི་ལོ་མཇུག་ནས་གདན་གསུམ་རྒྱ་གར་ལྷོ་ཕྱོགས་སུ་སྤོར་སྐབས། སེ་ར་སྤྱི་དང་། སེར་སྨད་གྲྭ་ཚང་གི་གནས་སྤོའི་ཐུགས་འགན་བཞེས། ༡༩༦༦ ནས་ ༡༩༧༦ བར་མཁན་པོའི་མཛད་འགན་བསྐྱངས། ༡༩༨༣ ལོ་ནས་འཇིགས་བྱེད་ཀྱི་བསྙེན་ཆེན་ལ་བཞུགས། དེ་རྗེས་ཉིན་རེར་དཔེ་ཁྲིད་ཚོགས་ཐེངས་བཅུ་རེ་དང་། སྐབས་སོ་སོར་ལམ་རིམ་གྱི་ཁྲིད་སོགས་ཀྱང་གནང་། ༡༩༩༡ ལོར་བོད་དུ་ཕེབས་ཏེ་དགོན་སྡེ་རྣམས་སུ་གཞུང་ཆེན་མོའི་ཁྲིད་ལུང་སོགས་གནང་། ༡༩༩༨ ལོར་ཕྱིའི་ཡུལ་གྲུ་རྣམས་སུ་ཕྱོགས་བསྐྱོད་དང་། གྲྭ་ཚང་གི་འདུ་ཁང་གསར་རྒྱག་དང་། སློབ་གཉེར་བའི་འཚོ་རྟེན། དཔེ་མཛོད་དང་སློབ་གྲྭའི་མཐུན་རྐྱེན་སོགས་ལ་སྨན་པར་མཛད། ༡༩༩༩ ལོར་གྲྭ་ཚང་རང་གི་ཐུན་མོང་མ་ཡིན་པའི་མཛོད་འདུལ་གྱི་རྩོད་པ་སོགས་སླར་གསོ་གནང་བ་དང་། ༢༠༡༣ ཟླ་ ༤ ཚེས་ ༨ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡།༡༥ ཙམ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ།

རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་དགའ་བྱང་དགེ་བཤེས་རྒན་ནང་པའམ་བསྟན་འཛིན་བཟང་པོ་མཆོག་ནི། སྤྱི་ལོ་ ༡༩༦༧ ལོའི་ཟླ་ ༢ ཚེས་ ༡ ཉིན་འཕགས་ཡུལ་ཧི་མ་ཅཱལ་ཁོངས་མ་ན་ལིར་སྐུ་འཁྲུངས་ཤིང་། ལོ་དེའི་བོད་ཟླ་ ༡༡ པར་ཡབ་ཡུམ་བཅས་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་གནས་སྤོར་གནང་། ༡༩༧༧ ལོར་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་ནས་དབུ་བཙུགས་ཏེ་གཞུང་ཆེན་སློབ་གཉེར་དང་། སློབ་གཉེར་གྱི་ཞོར་དུ་སློབ་གཉེར་བ་གཞན་ལ་དཔེ་ཁྲིད་ཀྱང་གནང་། ༡༩༨༦ ལོར་༧གོང་ས་རྒྱལ་བའི་དབང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ༩༡ ལོ་ནས་ལོ་དྲུག་རིང་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་ཤིང་། ༩༦ ལོར་རྒྱུགས་སྤྲོད་གནས་རིམ་དང་པོའི་མཚན་གནས་བཞེས། ལོ་དེར་སེར་ཀོང་མཚན་ཞབས་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་གྱི་མཛད་འགན་བཞེས། ༩༩ ལོར་སྔགས་ཀྱི་རྩོད་རྒྱུགས་ཕུལ་ཏེ་གནས་རིམ་དང་པོར་སོན། ༢༠༠༩ ལོར་སྨད་རྒྱུད་གྲྭ་ཚང་དུ་ཊཱིཀྐའི་སྐྱོར་དཔོན་དང་། དགེ་བསྐོས་གནང་། ༢༠༡༨ ལོའི་ཟླ་ ༢ ཚེས་ ༥ ཉིན་༧གོང་ས་རྒྱལ་བའི་དབང་པོ་མཆོག་གིས་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་སྤྱི་ཕེབས་ལྟར། ལོ་དེའི་ཟླ་༣ཚེས་༢༩ཉིན་བླ་མ་དབུ་མཛད་ཀྱི་མཛད་འགན་བཞེས། ༢༠༢༠ལོའི་ཟླ་༡༠ཚེས་༢༠ཉིན་༧སྤྱི་ནོར་༧གོང་ས་རྒྱལ་བའི་དབང་པོ་མཆོག་གིས་རྒྱུད་སྨད་གྲྭ་ཚང་གི་མཁན་ཐོག་བརྒྱ་དང་གཉིས་པར་བསྐོ་བཞག་གི་ཕྱག་རྟགས་སྩལ་གནང་མཛད་པ་ལྟར། རྒྱུད་སྨད་གྲྭ་ཚང་གི་མཁན་པོའི་མཛད་ཁུར་བཞེས། ༢༠༢༢ལོའི་ཟླ་༧ཚེས་༡༠ཉིན་རྒྱུད་གྲྭ་སྨད་སྟོད་གཉིས་ནས་ཇི་ལྟར་གསོལ་བཏབ་བཞིན། ༧གོང་ས་རྒྱལ་བའི་དབང་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་མཎྜལ་ལྗགས་བཤད་གནང། ༢༠༢༣ ལོར་ལོ་གསུམ་ཚང་བ་དང་ཕྱིར་གདན་སར་ཕེབས་ཏེ་དཔེ་ཁྲིད་སོགས་གནང་བཞིན་བཞུགས་པ་ལགས་སོ། །

རྒྱུད་སྨད་མཁན་རིན་པོ་ཆེ་སེར་བྱེས་དགེ་བཤེས་ངག་དབང་སངས་རྒྱས་མཆོག་ནི། སྤྱི་ལོ་ ༡༩༦༢ ལོར་ལ་དྭགས་ས་ཕུད་ཞེས་བའི་གྲོང་ཚོ་རུ་ཡབ་ཚེ་དབང་ནོར་འཕེལ་དང་། ཡུམ་ཚེ་རིང་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་། ༡༩༧༩ ལོར་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ། བསྡུས་གྲྭ་ནས་བཟུང་སྟེ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། གཞུང་རྙིང་གི་སྐབས་སུ། ཕར་ཕྱིན་ལས་སྦྱོར་ལམ་གྱི་རིགས་ཆུང་ཚོགས་ལངས་བཞེངས། ༡༩༩༢ ལོ་ནས་སློབ་གཉེར་གྱི་ཞོར་དུ་སློབ་གཉེར་བ་གཞན་ལ་དཔེ་ཁྲིད་གནང་། ༡༩༩༥ ལོར་དགེ་ལུགས་རྒྱུགས་སྤྲོད་དུ་ལོ་དྲུག་རིང་མཉམ་ཞུགས་གནང་ཞིང་། ༢༠༠༠ ལོའི་སེ་ར་ཐེག་ཆེན་གླིང་དུ་འདུལ་བ་གཞི་སྨད་ཀྱི་རིགས་ཆེན་ཚོགས་ལངས་བཞེངས་པ་དང་། ལྷ་རམས་ཨང་གཉིས་བའི་མཚན་གནས་བཞེས། ༢༠༠༡ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གསང་སྔགས་ཀྱི་གཞུང་ལ་གསན་བསམ་མཛད་པ་དང་། སྔགས་ཀྱི་རྩོད་རྒྱུགས་སྐབས་ཨང་དང་པོའི་མཚན་གནས་བཞེས། དགེ་བཤེས་བཏང་རྗེས་སུ་ཡང་སྔར་རྒྱུན་བཞིན་དཔེ་ཁྲིད་མུ་མཐུད་གནང་བ་དང་། སྐབས་ཤིག་རྫོང་དཀར་ཆོས་སྡེ་སོགས་སུ་བདུན་ཕྲག་རེར་རེས་བསྐོར་ཏེ་ཕེབས་ཤིང་དཔེ་ཁྲིད་གནང། ༢༠༡༣ ལོར་སེར་བྱེས་གྲྭ་ཚང་གི་དགེ་བསྐོས་དང་། ༢༠༡༧ ལོར་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་གནང་། ༢༠༢༡ ལོའི་ཟླ་ ༠༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་དོན་ལྟར། ༢༠༢༡ ལོའི་ཟླ་ ༠༣ ཚེས་ ༡༧ ཉིན་བླ་མ་དབུ་མཛད་ཀྱི་ཁྲི་སྟོན་མཛད་དེ་ཆོས་སྲིད་ཀྱི་ཐུགས་འགན་བཞེས། ༢༠༢༣ ལོའི་ཟླ་ ༡༠ ཚེས་ ༡༤ བོད་རྒྱལ་ལོ་ ༢༡༥༠ ལོའི་ཟླ་ ༨ ཚེས་ ༣༠ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་མངའ་གསོལ་མཛད། རྒྱུན་དུ་དོན་གཉེར་ཅན་མང་པོར་དཔེ་ཁྲིད་སོགས་ཀྱིས་འགྲོ་དོན་སྐྱོང་མུས་སུ་བཞུགས་སོ། །

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)