སེར་བྱེས་རྒྱུད་སྨད་དགེ་བཤེས་རྒན་བློ་བཟང་འབྲུག་གྲགས་མཆོག་ནི། སྤྱི་ལོ་ ༡༩༦༧ ལོའི་ཟླ་ ༢ ཚེས་ ༡ ཉིན་འཕགས་ཡུལ་ཧི་མ་ཅཱལ་ཁོངས་མ་ན་ལིར་སྐུ་འཁྲུངས་ཤིང་། ལོ་དེའི་བོད་ཟླ་ ༡༡ པར་ཡབ་ཡུམ་བཅས་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་གནས་སྤོར་གནང་། ༡༩༧༧ ལོར་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་ཡི་གེ་འབྲི་ཀློག་ནས་དབུ་བཙུགས་ཏེ་གཞུང་ཆེན་སློབ་གཉེར་དང་། སློབ་གཉེར་གྱི་ཞོར་དུ་སློབ་གཉེར་བ་གཞན་ལ་དཔེ་ཁྲིད་ཀྱང་གནང་། ༡༩༨༦ ལོར་༧གོང་ས་རྒྱལ་བའི་དབང་པོའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ༡༩༩༡ ལོ་ནས་ལོ་དྲུག་རིང་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་ཤིང་། ༡༩༩༦ ལོར་རྒྱུགས་སྤྲོད་གནས་རིམ་དང་པོའི་མཚན་གནས་བཞེས། ལོ་དེར་སེར་ཀོང་མཚན་ཞབས་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་གྱི་མཛད་འགན་བཞེས། ༡༩༩༩ ལོར་སྔགས་ཀྱི་རྩོད་རྒྱུགས་ཕུལ་ཏེ་གནས་རིམ་དང་པོར་སོན། ༢༠༠༩ ལོར་སྨད་རྒྱུད་གྲྭ་ཚང་དུ་ཊཱིཀྐའི་སྐྱོར་དཔོན་དང་། དགེ་བསྐོས་གནང་། ༢༠༡༨ ལོའི་ཟླ་ ༢ ཚེས་ ༥ ཉིན་༧གོང་ས་རྒྱལ་བའི་དབང་པོ་མཆོག་གིས་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་སྤྱི་ཕེབས་ལྟར། ལོ་དེའི་ཟླ་ ༣ ཚེས་ ༢༩ ཉིན་བླ་མ་དབུ་མཛད་ཀྱི་མཛད་འགན་བཞེས། ༢༠༢༠ ལོའི་ཟླ་ ༡༠ ཚེས་ ༢༠ ཉིན་༧སྤྱི་ནོར་༧གོང་ས་རྒྱལ་བའི་དབང་པོ་མཆོག་གིས་རྒྱུད་སྨད་གྲྭ་ཚང་གི་མཁན་ཐོག་བརྒྱ་དང་གཉིས་པར་བསྐོ་བཞག་གི་ཕྱག་རྟགས་སྩལ་གནང་མཛད་པ་ལྟར། རྒྱུད་སྨད་གྲྭ་ཚང་གི་མཁན་པོའི་མཛད་ཁུར་བཞེས། ༢༠༢༢ ལོའི་ཟླ་ ༧ ཚེས་ ༡༠ ཉིན་རྒྱུད་གྲྭ་སྨད་སྟོད་གཉིས་ནས་ཇི་ལྟར་གསོལ་བཏབ་བཞིན། ༧གོང་ས་རྒྱལ་བའི་དབང་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་མཎྜལ་ལྗགས་བཤད་གནང། ༢༠༢༣ ལོར་ལོ་གསུམ་ཚང་བ་དང་ཕྱིར་གདན་སར་ཕེབས་ཏེ་དཔེ་ཁྲིད་སོགས་གནང་བཞིན་བཞུགས་པ་ལགས་སོ། །
དགའ་ལྡན་རྒན་སྙན་གྲགས་སམ་རྒན་བློ་བཟང་ཐར་བ་མཆོག་ནི། སྤྱི་ལོ་༡༩༦༩་ལོར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དུ་འཁྲུངས། སློབ་ཆུང་མཐར་ཕྱིན་ཏེ་རྫོང་སློབ་འབྲིང་འགྲིམ་བཞིན་པའི་སྐབས། ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གིས་བོད་ལྗོངས་ནང་བསྟན་སློབ་གྲྭ་གསར་འཛུགས་གནང་སྐབས། ༡༩༨༣ ལོའི་ཟླ་དྲུག་པའི་ཚེས་ཤར་ལ་ཡིག་རྒྱུགས་སྤྲད། ལོ་དེའི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་སློབ་འགོ་དངོས་སུ་ཚུགས་ཤིང་། དེར་གཞུང་ཆེན་བཀའ་པོད་ལྔ་དང་ལམ་རིམ་བློ་སྦྱོང་སོགས་དང་། ཐུན་མོང་རིག་གནས། ཡིག་གཟུགས། རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱང་སྦྱངས། ༡༩༨༦ ལོའི་སྤྱི་ཟླ་དྲུག་པའི་ཚེས་གཅིག་ནས་སློབ་གླིང་དེར་གཞན་ལ་དཔེ་ཁྲིད་གནང་བའི་དབུ་བཙུགས། གཞན་ལ་ཕར་ཚད་སོགས་ཀྱི་དཔེ་ཁྲིད་དང་། རང་གི་སློབ་གཉེར་གྱི་འཕྲོ་ཡང་བསྐྱངས་སྟེ། ༡༩༩༢ ལོར་བོད་ལྗོངས་ནང་བསྟན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ། དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དཔེ་ཁྲིད་དགེ་རྒན་ལ་ཕེབས་ཤིང་། མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་དང་བཀའ་ཆོས་སོགས་གནང་། སྔ་ཕྱིར་དགོན་པ་གང་མང་ལ་ཕེབས་ནས་དཔེ་ཁྲིད་དང་བཀའ་ཆོས་གནང་། ༡༩༩༩ ལོ་ནས་དཔེ་ཁྲིད་ཀྱི་བར་གསེང་དག་ཏུ་མང་ཚོགས་སོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་དབུ་བཙུགས། བརྩམས་ཆོས་ལ། བློ་གླིང་འདུལ་སྡོམ་གྱི་འགྲེལ་པ་སྟོད་སྨད་གཉིས། འདུལ་བ་སྤྱིར་བསྟན་གྱི་འགྲེལ་པ། དྲང་ངེས་ལེགས་བཤད་སྙིང་པོའི་དོགས་འདྲི་རང་གི་དེ་ཁོ་ན་ཉིད་བསྟན་པའི་གཏམ། ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་གཏམ་གསལ་རིག་སེམས་ཀྱི་ཞི་བདེ། དཔལ་ལྡན་ས་གསུམ་མའི་དོན་འགྲེལ། དབུ་མ་རྩ་བའི་ས་བཅད་བསྡུས་དོན་སོགས་ཡོད། ད་ལྟ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དཔེ་ཁྲིད་དགེ་རྒན་དང་། དགེ་ལྡན་ནང་བསྟན་སློབ་གྲྭའི་སྤྱི་ཁྱབ་དགེ་རྒན་གྱི་གནང་བའི་མུར་བཞུགས་སོ། །
རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་དགའ་བྱང་དགེ་བཤེས་བློ་བཟང་ངག་དབང་མཆོག་ནི། ཀོང་པོ་རྒྱ་མདའ་རྗོང་གི་མངའ་འོག་ཉང་པོ་གཞི་ནང་ཞེས་པའི་ཁུལ་དུ་སྤྱི་ལོ་ ༡༩༣༧ ལོར་སྐུ་འཁྲུངས། དགུང་ལོ་བཅོ་ལྔའི་སྐབས་དགའ་ལྡན་བྱང་རྩེའི་ཆོས་སྒོར་ཞུགས་ཏེ་ཆོས་སྤྱོད་སོགས་བློ་འཛིན་དང་གཞུང་ཆེན་སློབ་གཉེར་གྱི་དབུ་ཚུགས། དགུང་ལོ་ཉི་ཤུ་ལ་སོན་སྐབས་འཛིན་གྲྭའི་སྐྱོར་དཔོན་གནང་བས་རྒན་སྐྱོར་དཔོན་ཞེས་གྲགས། ༡༩༥༨ ལོར་༧གོང་ས་རྒྱལ་བའི་དབང་པོ་མཆོག་ཚོགས་ཕེབས་ཀྱི་དབུས་སུ་དགའ་ལྡན་ཡངས་པ་ཅན་དུ་ཚད་མ་རྣམ་འགྲེལ་གྱི་དམ་བཅའ་བ་གནང་། ༡༩༥༩ལོར་འཕགས་ཡུལ་དུ་ཕེབས་ཏེ་ཐོག་མར་སྦག་ས་ཆོས་སྒར་དུ་ལོ་ངོ་བཅུའི་རིང་སློབ་གཉེར་མུ་མཐུད་དུ་གནང། ༡༩༦༤ལོར་ཕར་ཕྱིན་དམ་བཅའ་བཞག་རྗེས་འཕགས་ཡུལ་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ཕེབས་ནས་སློབ་གཉེར་གྱི་འཕྲོ་བསྐྱངས། དགུང་ལོ་ཞེ་གཉིས་པར་དབུ་མ་དགོངས་པ་རབ་གསལ་གྱི་བཤད་ཆེན་དང་འབྲེལ་བའི་མདོ་རམས་པའི་དམ་བཅའ་བཞག །༡༩༨༠ནས་༡༩༨༦བར་ལོ་བདུན་རིང་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་ཏེ་འཛིན་གྲྭ་སོ་སོར་གནས་རིམ་དང་པོར་སོན། དགུང་ལོ་ཞེ་དགུའི་སྐབས་རྡོ་རྗེ་གདན་དུ་ལྷ་རམས་པའི་དམ་བཅའ་བཞག་ཅིང་དེ་ལོར་གདན་ས་གསུམ་དུ་སྨོན་ལམ་གྲྭ་སྐོར་གནང། ༡༩༨༩ལོར་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་གནང་ཞིང་། སྔགས་ཀྱི་རྒྱུགས་སྤྲོད་སྐབས་ཨང་རིམ་དང་པོའི་མཚན་གནས་བཞེས། ༡༩༩༤ལོར་ཊཱིཀྐའི་སྐྱོར་དཔོན་དང་དགེ་བསྐོས་མཉམ་དུ་འཁེལ། ༡༩༩༦ལོ་ནས་ལོ་གསུམ་རིང་རྒྱུད་པའི་བླ་མའི་ཐུགས་འགན་བཞེས། ༡༩༩༩ལོའི་ཟླ་༩ཚེས་༡༤ཉིན་སྨད་རྒྱུད་པའི་མཁན་ཁྲིར་ཕེབས། ༡༩༧༨ནས་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གྱིས་མཚོན་ཟབ་ཆོས་མང་དུ་གནང་མུར་སྐུ་ཚེ་མཛད་འཕྲིན་མཐའ་འཁྱོལ་བར་མཛད།