༢༠༢༣་ལོའི་འཕྲིན་གསར་ཕྱོགས་བཏུས།

༢༠༢༣་ལོའི་འཕྲིན་གསར་ཕྱོགས་བཏུས།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྦྱིན་བདག་ཉི་ཧོང་པཱ་ལགས་ཧེ་རུ་ཨོ་ཀ་ཧེ་དན་ནོར་བུ་མཆོག་དགོངས་པ་རྫོགས་པར་ཡིད་ཕམ་ཚད་མེད་ཀྱིས་བཀའ་དྲིན་དྲན་གསོ་ཞུ་ཞིང་། གྲྭ་ཚང་འདུས་མང་ངོས་ནས་བདུན་ཚིགས་སོ་སོ་ལ་འདས་མཆོད་རིམ་འགྲོ་དང་། སྐྱབས་གནས་གསང་ཆེན་འདུས་པ་རྒྱ་མཚོ་མཆོག་ནས་ཐུགས་སྨོན་ཚེ་རབས་རྗེས་འཛིན་ཡོང་བར་སྐྱབས་འཇུག་གནད་སྨིན་ཞུས་གནང་མཛད།

སྤྱི་ལོ་༢༠༢༣ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གདན་ས་ཆེན་པོ་གསུམ་ནས་སྔགས་ཀྱི་སློབ་གཉེར་ལ་ཆེད་དུ་ཕེབས་པའི་ལྷ་ཚོགས་དགེ་བཤེས་རྣམས་ནས། གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ཉམས་བཞེས་ཀྱི་ཐུགས་བརྩོན་ལྷོད་མེད་མཛད་དེ། རྒྱུད་སྡེ་བཞི་ཡི་གཞུང་ཆེན་ཁག་ནས་ལོ་འཁོར་རྒྱུགས་སྤྲོད་ལས་བྲིས་རྒྱུགས་གྲུབ་ནས། སྤྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༨ ལ་རྒྱུད་སྨད་མཁན་རིན་པོ་ཆེ་དང་། གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་གི་མཁན་པོ་མཁན་ཚབ་དང་དཔེ་ཁྲིད་དགེ་རྒན་རྣམ་པའི་དྲུང་དུརྩོད་རྒྱུགས་ཀྱི་རྒྱུགས་འབུལ་གནང་།

ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དུ་ཆེད་དམིགས། འདི་ག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་མཁན་བླ་འདུས་པ་རྒྱ་མཚོ་ནས། སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ཚེས་ ༠༩ དགེ་བའི་ཉིན་དཔལ་རྡོ་རྗེ་འཇིགས་བྱེད་བདག་བསྐྱེད་དང་ཆོས་སྲུང་རྣམས་ཀྱི་བསྐང་གསོ་རྒྱས་པ་སྔོན་སོང་གིས་དྲུག་བཅུ་མ་བརྒྱ་ཚར་བཅས་གནད་སྨིན་འབད་བསྒྲུབས་ཞུས་གནང་མཛད།

སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༩ ཚེས་ ༣༠ ཉིན་གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་དབྱར་ཆོས་ཀྱི་གནས་མཆོག་ཕྱི་མིག་ལུང་དུ་དམ་ཅན་ཁང་བཟང་ལེགས་པར་བཀོད་བཤམས་དང་འབྲེལ་དབྱངས་རྭ་ཆེན་མོ་སྔོན་ཆད་ལྟར་རྒྱུན་སྐྱོང་མཛད།

སྤྱི་ལོ་༢༠༢༣ ཟླ་༩ ཚེས་༢༤ ཉིན་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་ཞབས་སོར་འཁོད་དེ་ཟླ་དྲུག་ཟབ་ཁྲིད་སྐབས་བཅུ་པའི་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་བཀའ་དྲིན་སྩལ་བ་དང་། དབུས་གྲྭ་ཚང་གི་མཁན་བླ་ལས་སྣེ་དང་བཅས་པ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དཔེ་མཛོད་ཁང་དུ་གཟིགས་སྐོར་དང་རབ་གནས་སྦྱིན་འབེབས་ཀྱི་མེ་ཏོག་ཀྱང་འཐོར་ཞིང་དཔེ་མཛོད་ལས་བྱེད་རྣམ་པར་ཡང་མཇལ་ཁའི་སྐལ་བཟང་སྨིན་པར་བྱས།

འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྤྱི་ལོ་ ༢༠༢༣ ཟླ་ ༠༩ པའི་ཚེས་ ༢༢ ཉིན་ཞབས་སོར་བདེ་བར་འཁོད་ཅིང་སྤྱི་ཚེས་ ༢༣ ནས་ཉིན་ཤས་རིང་དཔལ་གསང་བ་འདུས་པའི་ཆོས་སྐོར་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྔགས་བཏུ་རབ་གསལ་སྒྲོན་མེ། སེར་སྐྱ་མང་ཚོགས་ཡོངས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ་གནང་མཛད།

སྤྱི་ལོ་༢༠༢༣ ཟླ་༩ ཚེས་༥ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་ཕྱག་ལེན་དགེ་རྒན་སྔགས་རམས་པ་དམ་ཆོས་ཡར་འཕེལ་མཆོག་ནས་གྲྭ་ཚང་གི་སློབ་གཉེར་བ་རྣམ་པར་གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)