བོད་ཟླ་ ༥ ཚེས་ ༢༢ དང་། སྤྱི་ཟླ་ ༦ ཚེས་ ༢༨ ཉིན་གྲྭ་ཚང་གི་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་མཆོག་དང་། སྐུ་ཞབས་བླ་མ་རྣམ་གཉིས་དབུ་བཞུགས་ཐོག་འདུས་མང་ཡོངས་ནས། ༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་སླད། སྨན་བླའི་ཆོ་ག་དང་འབྲེལ་གཟུངས་སྔགས་དང་། ༧རྒྱལ་བའི་མཚན་སྔགས་སོགས་གྲངས་གསོག །༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུངས་ཏེ་རྒྱལ་བའི་ཞབས་རིམ་གནད་སྨིན་ཞུས།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག་སྤྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༦ ནས་ ༡༨ བར་སཾ་བྷོ་ཊའི་ཁྱབ་ཁོངས་ལྷོ་ཁུལ་སློབ་གྲྭ་ཁག་ལྔའི་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཟབ་སྦྱོང་གི་དབུ་འཛུགས་གནང་།
དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སྤྱི་ལོ་ ༢༠༢༤ ལོའི་དམ་བཅའ་ཆེན་མོ་ཐེངས་གཉིས་པ་སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༦ ཚེས་ ༥ ཉིན་གྱི་དགོང་དྲོར་ཚོགས།
དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སྤྱི་ལོ་ ༢༠༢༤ ལོའི་དམ་བཅའ་ཆེན་མོ་དང་པོ་དེ་ལོ་འདིའི་ཟླ་ ༥ ཚེས་ ༢༤ ཉིན་ཚོགས་ཀྱི་དགོང་དྲོར་ཚོགས།
སྤྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༣ ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་ཚེས་བཅོ་ལྔའི་ཉིན་མོར། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཟབ་མོ་སྨིན་སྩལ་གནང་།
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༤ ཚེས་ ༡ ཉིན་དཔལ་ལྡན་སྨད་རྒྱུད་པའི་མ་རྐང་བདག་གཉེར་ལྷན་ཚོགས་ཀྱི་ལས་ཡུན་ལོ་ལྔའི་དུས་ཡུན་གཙང་ཞིང་ལས་ཡུན་སྔ་བར་ཕྱི་གསུམ་གྱི་ཕྱི་ནང་གི་ལས་དོན་མཐའ་དག་སྐྱོན་མེད་ཚགས་ཚུད་ངང་སྐབས་གཉིས་པའི་མ་རྐང་བདག་གཉེར་ལྷན་ཚོགས་སུ་རྩིས་སྤྲོད་ལེགས་གྲུབ་བྱུང་བ་དང་། དཔེ་འཛོད་འགན་འཛིན་གསར་རྙིང་བརྗེ་ལེན་སོགས་ལེགས་གྲུབ་བྱུང་བར་གྲྭ་ཚང་གི་སྐུ་ཞབས་བླ་མ་དབུ་མཛད་མཆོག་ནས་ལེགས་གསོལ་མཇལ་དར་དང་སྦྲག །གྲྭ་ཚང་ངོས་ནས་ཐུགས་རྗེ་ལེགས་འབུལ་གནང་བར་མ་ཟད་སྐྱབས་གནས་འདུས་མང་ནས་ཀྱང་ཁོང་རྣམ་པར་ཐུགས་སྨོན་སྐྱབས་འཇུག་གི་ཐུགས་རྗེའི་གཟིགས་པའང་བསྐྱངས།