སྨད་རྒྱུད་གྲྭ་ཚང་གི་སྔར་སྲོལ་ཨེ་ཝམ་ཆོས་ཐོག་སྐབས་༧རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་བའི་གཞུང་གི་ཞབས་རིམ་གང་ཡོད་གནད་སྨིན་ཞུ་བཞིན་པ་ལྟར། བོད་ཟླ་ ༠༢ ཚེས་ ༡༩ སྤྱི་ཟླ་ ༣ ཚེས་ ༢༩ ཉིན་ནས་ དཔལ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀའ་འབྲེལ་༧རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གཙོར་བྱས་བོད་ཀྱི་བསྟན་སྲིད་བདེ་ཐབས་སུ་རིམ་གྲོ་འབད་སྒྲུབ་དགོས་པའི་བཀའ་ཡིག་ཕེབས་གནང་བཞིན་ཉིན་གྲངས་ལྔའི་རིང་གཞུང་གི་ཞབས་རིམ་ཁག་སྨིན་སྒྲུབ་ཞུས།
སྤྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༠ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སྤྱི་ལོ་ ༢༠༢༣ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་དང་ཨང་རིམ་རྩེར་སོན་རྣམས་ལ་བྱ་དགའ་གསོལ་སྩལ་གྱི་མཛད་སྒོ་བསྐྱངས།
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༣ ཚེས་ ༡༤ ཉིན་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ལྷ་ཚོགས་རྣམས་གྲྭ་ཚང་གི་ཉམས་བཞེས་ཐུན་མོང་མ་ཡིན་པ་འཇུག་སྒོ་ཆེན་མོ་ཞོག་དང་པོའི་ཆོས་ཐོག་ནས་སྒྲིག་ཞུགས་གནང་སྟེ་ལོ་གཅིག་གི་རིང་གསང་སྔགས་ཉམས་བཞེས་དང་འབྲེལ་ཚོགས་དང་ཆོས་ར་འགྲིམ་པའི་འགོ་བརྩམས་ཤིང་། སྤྱི་ཚེས་ ༡༥ ཉིན་ནས་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་མཆོག་གི་ཞལ་སྔ་ནས་གདན་ས་ཁག་ནས་ཕེབས་པའི་གསར་ཞུགས་དགེ་བཤེས་ལྷ་ཚོགས་རྣམས་དང་། འདི་ལོའི་དགེ་སློང་གསར་པ་དང་བཅས་པར་ཞོགས་དང་པོའི་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་དབུ་ཚུགས་གནང་།
དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དགེ་བསྐོས་དགེ་བའི་བཤེས་གཉེན་ཆེན་མོ་དགེ་བློ་བཟང་འབྲུག་གྲགས་མཆོག་ནས་སྤྱི་ལོ་ ༢༠༢༤ ཟླ་༣ ཚེས་ ༡༤ ཉིན་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་དུ་ལོ་འདིའི་གསང་སྔགས་ཀྱི་དཔེ་ཁྲིད་དབུ་འཛུགས་གནང་།
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༢ ཚེས་ ༡༣ སྟེ་བོད་ཟླ་དང་པོའི་ཚེས་བཞི་ཉིན་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག །ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བློ་བཟང་འབྲུག་གྲགས་དཔལ་བཟང་པོ་མཆོག་གི་དྲུང་ནས་རྣམ་འགྲེལ་རྩ་འགྲེལ་ལྔ་སྦྲགས་ཀྱི་ཁྲིད་གསན་སླད། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞབས་སོར་འཁོད།
སྤྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༩ ཉིན་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་༧གོང་ས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་བཀའ་དགོངས་བཞིན་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པའི་དགེ་འདུན་བར་ཤེས་ཡོན་བརྗེ་ལེན་གྱི་བགྲོ་གླེང་ལས་གཞི་མཇུག་ཡོངས་སུ་ལེགས་པར་གྲུབ།