མཁན་པོ་གསར་པ་ཁྲི་འདོན་གནང་།

མཁན་པོ་གསར་པ་ཁྲི་འདོན་གནང་།

བོད་རྒྱལ་ལོ་ ༢༡༥༠ ལོའི་ཁྲུམས་སྟོད་ཟླ་བ་སྟེ་བོད་ཟླ་ ༨ པའི་གྲལ་ཚེས་ ༣༠ རེས་གཟའ་སྤེན་པ་དགེ་བའི་ཉིན་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་གསར་པ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཚུགས་གནང་སོང་།

སྤྱི་ལོ་ ༢༠༢༣ ལོའི་སྤྱི་ཟླ་ ༡༠ ཚེས་ ༡༤ དང་བོད་རྒྱལ་ལོ་ ༢༡༥༠ ཁྲུམས་སྟོད་ཟླ་བ་ ༨ པའི་ཚེས་ ༣༠ རེས་གཟའ་སྤེན་པ་དགེ་བའི་ཉིན། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་ཡིག་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་བྱུང་བ་ལྟར། བླ་མ་དབུ་མཛད་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བའི་དཔལ་མངའ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་བཙུན་ངག་དབང་སངས་རྒྱས་མཆོག་རྗེ་བཙུན་ཤེས་རབ་སེངྒེའི་གདན་ས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་གི་ཁྲི་ལ་མངོན་པར་མངའ་གསོལ་གྱི་རྟེན་འབྱུང་གི་མཛད་སྒོ་ཚུགས་ཤིང་། གཉུག་མར་གནས་པའི་དགེ་འདུན་པ་རྣམས་དང་ཕྱོགས་མཐའ་ཡུལ་གྲུ་ཁག་ནས་སྐྱ་སེར་མང་པོ་ཁྲི་སྟོན་མཛད་སྒོ་ལ་ཕེབས་འབྱོར་བྱུང་བ་ལྟར། སྐུ་འགྲོན་རྣམས་ལ་ཞལ་ལག་གཟབ་རྒྱས་དང་། ཆོས་རྭའི་ནང་དུ་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་གིས་རྟེན་འབྲེལ་གྱིས་འགྲེལ་པ་བཞི་སྦྲགས་ཀྱི་དབུ་ནས་འཆད་ཁྲིད་ཅུང་ཟད་གནང་ཞིང་། སྐྱ་སེར་མང་པོས་མཁན་ཆེན་རྡོ་རྗེ་འཆང་མཆོག་ལ་ལྷ་དར་འདེགས་འབུལ་སོགས་ཞུས་གནང་སོང་བ་དང་། མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་ངག་དབང་སངས་རྒྱས་དཔལ་བཟང་པོ་མཆོག་གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་མཁན་པོའི་ཁྲིར་ཕེབས་ཏེ། སྤྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་པ་ ༢༢ ཉིན་དྲིན་ཆེན་རྩ་བའི་བླ་མ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཁན་པོ་གསར་མཇལ་གྱི་དུས་བཟང་སྐལ་བཟང་བྱུང་།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)