རྒན་བློ་བཟང་དོན་གྲུབ་དགོངས་པ་གཞན་དུ་ཕེབས།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་རྒན་སྔགས་རམས་པ་གནས་བརྟན་བགྲེས་པའི་གྲས་བློ་བཟང་དོན་གྲུབ་མཆོག་སྤྱི་ལོ་ཉིས་སྟོང་ཉེར་བཞི་ལོའི་སྤྱི་ཟླ་གསུམ་པའི་སྤྱི་ཚེས་ཉེར་ལྔའི་ཉིན་གཟིམ་ཤག་ཏུ་དགོངས་པ་གཞན་དུ་གཤེགས་སོང་།

སྐུ་དྲིན་ཅན་བགྲེས་སོང་ཏྲེ་ཧོར་སྔགས་རམས་པ་རྒན་བློ་བཟང་དོན་གྲུབ་མཆོག་གི་ལོ་རྒྱུས་སྙིང་བསྡུས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐུ་དྲིན་ཅན་གྱི་བགྲེས་སོང་རྒན་སྔགས་རམས་པ་རྒན་བློ་བཟང་དོན་གྲུབ་མཆོག་ནི། སྤྱི་ལོ་ ༡༩༣༦ ལོར་ཁམས་དཀར་མཛེས་འོ་སྡེ་གྲོང་ཞེས་པར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་ཆོས་ཀྱི་བག་ཆགས་ཟབ་པས་ཕ་མ་གཉིས་ཀྱིས་དགོན་པར་ཆོས་བཞུགས་སུ་གནང་། དེ་ནས་དབུས་རྒྱལ་ས་ལྷ་སར་ཕེབས་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། གྲྭ་ཚང་གི་སྒྲིག་ལམ་བཞིན་དཔེ་མཚམས་པ་ནས་བཟུང་སློབ་གཉེར་དང་དཔེ་ཆ་བློ་འཛིན་གྱིས་མཚོན་གྲྭ་ཚང་རིན་པོ་ཆེའི་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་དང་། ཉམས་བཞེས་ཕྱག་ལེན་དང་བཅས་པ་ཚུལ་བཞིན་དུ་གནང་ཞིང་། ལྷག་པར་སོ་སོའི་བསླབ་པ་དང་གྲྭ་ཚང་གི་སྒྲིག་ལམ་སྣེ་ཕྲ་མོ་ཙམ་ལ་གཙིགས་ཆེར་འཛིན་མཁན་ཞིག་ཡིན། སྤྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་རྗེས་འདུས་མང་དང་མཉམ་དུ་རྒྱ་གར་དུ་ཕེབས་ཏེ་ཐོག་མར་ཌ་ལ་ཧོའི་སི་དང་། སྤྱི་ལོ་ ༡༩༧༢ ལོར་ལྷོ་ཕྱོགས་སུ་གཞིས་ཆགས་སུ་འདུས་མང་དང་མཉམས་ཕེབས་ཀྱིས་སྐུ་ངལ་ཆེ་བཞེེས་དང་། ལྷག་བསམ་རྣམ་དག་གིས་གྲྭ་ཚང་ལའང་སེམས་ཤུགས་སྐུ་དྲིན་ཆེ་ཤིང་། དུས་རྒྱུན་འདོད་ཆུང་ཆོག་ཤེས་དང་ཉམ་ཐག་དུད་འགྲོར་བྱམས་སྐྱོང་ཚད་མེད་ཀྱི་དམིགས་བསལ་ཉམ་ཆུང་སྤྱོད་ལམ་ངོ་མཚར་ཅན་གྱིས་གསར་བུ་ཚོའི་ཡིད་ལ་བག་ཆགས་ཐེབས་ནུས་པ་ཞིག་ཡོད། སྤྱི་ལོ་ ༢༠༢༤ ལོའི་སྤྱི་ཟླ་ ༣ པའི་ཟླ་དཀྱིལ་ཙམ་ནས་སྐུ་གཟུགས་ལ་མཁྲིས་པའི་ནད་རྐྱེན་ཅུང་ཟད་བཞེས་ཀྱང་། ཟུག་གཟེར་དང་དབང་པོ་མི་གསལ་བ་སོགས་གང་ཡང་མེད་ཅིང་རྣམ་ཀུན་བཞིན་ཞལ་འདོན་དགེ་སྦྱོར་ཁོ་ནར་བརྩོན་པ་གནང་ཞིང་། སྤྱི་ཟླ་གསུམ་པའི་ཚེས་ ༢༥ བོད་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཞོགས་པར་ཞབས་ཕྱི་དང་མཉམ་དུ་དཔལ་གསང་བ་འདུས་པའི་རྩ་རྒྱུད་མཉམ་འདོན་དགོས་ཞེས་གསུངས་ཏེ་རྩ་རྒྱུད་གསུང་མུས་སུ་རྩ་རྒྱུད་ལེའུ་གཉིས་པ་གསུང་མཚམས་ནས་དལ་བུའི་སྒོ་ནས་སྐུ་ཞི་བར་གཤེགས་སོ། །

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)