དེ་ནས་བརྒྱུད་འདེབས་ལས། ༠༩

༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽

རྒྱལ་བས་གསུངས་པའི་མདོ་རྒྱུད་མ་ལུས་པའི།།
གནད་དོན་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།།
སྐལ་ལྡན་འགྲོ་ལ་བརྩེ་བས་འདོམས་མཛད་པ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར།དེའེ་རྗེས་སུ་རྡོ་རྗེ་ཆོས་སྐྱོང་རྒྱ་མཚོ་མཆོག་རྒྱུད་སྨད་གྱི་ཁྲིར་ཕེབས་པ་ཡིན་ཏེ།དམ་པ་འདི་ནི་རྗེ་བདག་ཉིད་ཆེན་པོ་གཤེགས་ནས་ལོ་ང་བཞི་པ་རབ་བྱུང་བརྒྱད་པ་ཆུ་སྤྲུལ།ཕྱི་ལོ་༡༤༧༣ལོར་དབུས་སྟོད་ཞོགས་མདའ་རྒྱ་རར་སྐུ་འཁྲུངས།ཆུ་ངུའི་དུས་སུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་རྣམས་གསན།

དེ་ནས་བརྒྱུད་འདེབས་ལས། ༡༠

༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽

ངུར་སྨྲིག་རྒྱལ་མཚན་མཆོག་གི་མཛེས་པའི་སྐུ།།
ལེགས་བཤད་ཆོས་སྒྲ་བཟང་པོ་སྒྲོག་པའི་གསུང།།
མཁྱེན་བརྩེ་ཕུལ་དུ་བྱུང་བའི་ཐུགས་མངའ་བ།།
བསྟན་པ་གསལ་མཛད་ཁྱོད་ལ་གསོལ་བ་འདེབས།།

ཞེས་པ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་ཁྲིར་རྒྱུད་ཆེན་རྒྱལ་མཚན་བཟང་པོ་ཕེབས་པ་ཡིན་ཏེ།རྗེ་འདི་རྗེ་རིན་པོ་ཆེ་གཤེགས་ནས་ལོ་ང་བཞི་རབ་བྱུང་བརྒྱད་པའི་ཆུ་སྦྲུལ།ཕྱི་ལོ་༡༤༧༣ལ་ཆོས་སྐྱོང་རྒྱ་མཚོ་དང་དགུང་མཉམ་དུ་སྟག་རྩེ་དགེ་འདུན་སྒང་གི་ལྟག་སྐྱིད་གྲོང་དུ་སྐུ་འཁྲུངས།མི་རིང་བར་རབ་ཏུ་བྱུང།བཤེས་གཉེན་དུ་མ་བསྟེན་ནས་བཀའ་ཆེན་རྣམས་ལ་སྦྱངས་པས་མཁས་པར་གྱུར།དཔལ་ལྡན་སྨད་རྒྱུད་དུ་ཕེབས་ནས།རྗེ་ཤེར་བཟང་དང་རྡོ་རྗེ་འཆང་ཆོས་སྐྱོང་རྒྱ་མཚོ་ལ་སོགས་པའི་དྲུང་ནས་གསང་བདེ་འཇིགས་གསུམ་ལ་སོགས་པའི་རྒྱུད་སྡེ་བཞིའི་སྐོར་རྣམས་ལ་ཡུན་རིང་པོའི་བར་དུ་སྦྱངས་པར་མཛད་པས་མདོ་སྔགས་ཀྱི་བསྟན་པའི་བདག་པོར་གྱུར།

དེ་ནས་བརྒྱུད་འདེབས་ལས། ༡༡

༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽

མདོ་རྒྱུད་ཆོས་ཀྱི་མཁའ་ལ་ཐོགས་མེད་རྒྱུ།།
གྲགས་པའི་འོད་ཟེར་སྟོང་གི་དྲྭ་བ་ཅན།།
སྐལ་བཟང་གདུལ་བྱའི་པད་ཚལ་གཉེན་གཅིག་པུ།།
རྨད་བྱུང་བཤེས་གཉེན་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་ཁྲིར་རྒྱུད་ཆེན་ཆོས་གྲགས་བཟང་པོ་ཕེབས་པ་ཡིན།འདི་ནི་རྗེ་ཙོང་ཁ་པ་གཤེགས་ནས་ལོ་གྱ་བརྒྱད་སོང་བའི་མཚམས་སུ་རབ་བྱུང་བརྒྱད་པའི་ལྕགས་གླང།ཕྱི་ལོ་༡༤༨༡ལོར་དབུས་སྟོད་སྟག་ཕུར་སྐུ་འཁྲུངས།སྟག་ཕུ་ཆོས་སྡེར་རབ་ཏུ་བྱུང་ནས་བཀའ་ཆེན་སོགས་ལ་སྦྱངས་པར་མཛད་པས་ལེགས་པར་མཁྱེན་པས་མཁས་པའི་སྙན་པ་ཐོབ།རྒྱུད་སྨད་དུ་བྱོན་ནས་ཆོས་རྗེ་རྒྱ་ར་བ་དང།རྗེ་རྒྱལ་མཚན་བཟང་པོ་སོགས་བསྟེན་ནས་སྔགས་ཕྱོགས་སྐོར་མ་ལུས་པ་གསན་ཏེ་མདོ་སྔགས་ལ་ནང་བྱན་ཚུད་པའི་མཁས་པར་གྱུར།སྔར་སྲོལ་ཇིི་བཞིན་དུ་རྒྱུད་ཀྱི་འཆད་ཉན་རྣམས་མཛད་བཞིན་པའི་སྟེང་ནས་བྱང་རྩེར་ཆོས་རྗེར་ཕེབས།

དེ་ནས་བརྒྱུད་འདེབས་ལས། ༡༢

རྒྱ་ཆེན་ཤེས་བྱ་ནམ་མཁའ་ཡངས་པ་ལ།།
ལུང་རིགས་དཀྱིལ་འཁོར་ཡོངས་སུ་རབ་རྒྱས་ཤིང།།
སྙན་གྲགས་འོད་དཀར་ཕྱོགས་བཅུར་གཡོ་བ་ཡི།།
བཤེས་གཉེན་ཀུནྡའི་གཉེན་ལ་གསོལ་བ་འདེབས།།

ཞེས་པ་ལྟར།དེའི་རྗེས་སུ་ཆོས་རྗེ་དྭགས་པོ་ནམ་མཁའ་གྲགས་སྨད་རྒྱུད་པའི་ཁྲིེར་ཕེབས་པ་ཡིན་ཏེ།དམ་པ་འདི་ནི་དྭགས་པོ་མངའ་རིས་སུ་སྐུ་འཁྲུངས།གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ།དྭགས་པོ་གྲྭ་ཚང་དུ་སློབ་དཔོན་བློ་གྲོས་འཕེལ་བ་ལ་ཕར་ཕྱིན་གསན་པས་བློ་བསྐྱེད་ཆེ་བ་བྱུང།རི་སྒོར་བློ་གྲོས་འཕེལ་གྱི་ཕར་ཕྱིན་སྤྱི་དོན་ཉིན་ཞག་ཉི་ཤུ་ཐམ་པ་ལ་ཐུགས་འཛིན་མཛད་དེ་སེ་ར་བྱེས་སུ་ཕེབས།སྐུ་ཆས་དཀོན་པོ་བྱུང་སྣང་ཡང་ཆོས་རྗེ་རྗེ་བཙུན་ཆོས་རྒྱན་གྱིས་ཆས་ཀ་ཕྲན་བུ་གནང་སྟེ།རྗེ་ཉིད་ཀྱི་དྲུང་ནས་བཀའ་ཆེན་རྣམས་ལ་གསན་སྦྱོང་རྡོ་རུས་ཐུག་པར་མཛད་པས་མཁས་པའི་ཕུལ་ཕྱིན་གྱུར་ཏེ་སྙན་གྲགས་ཀྱིས་བོད་ཁམས་ཁྱབ་པ་ཙམ་དུ་བྱུང།

དེ་ནས་བརྒྱུད་འདེབས་ལས། ༡༣

༼བྱང་ཆོས་དང།དགའ་ལྡན་ཁྲིར་ཕེབས།༽

བྱམས་པའི་ཐུགས་ཀྱིས་གདུལ་བྱ་རྗེས་སུ་འཛིན།།
ལེགས་སྦྱངས་མཁྱེན་པའི་རྒྱ་མཚོའི་གཏིང་མཐའ་མེད།།
རྣམ་དག་བཟང་པོའི་རླབས་ཆེན་ཕྱོགས་བཅུར་གཡོ།།
མཁས་མཆོག་དགེ་བའི་བཤེས་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར།དེའི་རྗེས་སུ་རྒྱུད་ཆེན་བྱམས་པ་རྒྱ་མཚོ་སྨད་རྒྱུད་པའི་ཁྲིར་ཕེབས་པ་ཡིན་ཏེ།འདི་ནས་རྗེ་ཙོང་ཁ་ཆེན་པོ་གཤེགས་ནས་ལོ་གོ་བརྒྱད་སོང་བའི་རབ་བྱུང་དགུ་པ་མེ་ཕོ་བྱི་བའི་ལོ།ཕྱི་ལོ་༡༥༡༦ལོར་ཞོག་གིི་གྲག་གུར་ཞེས་པར་སྐུ་འཁྲུངས།རྒྱལ་བ་བྱམས་པའི་སྤྲུལ་པར་མཁས་པ་སྟག་ལུང་པས་གསུངས།སྟག་རྩེ་རིན་ཆེན་སྒང་དུ་རབ་བྱུང་མཛད།དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་གཞུང་ལུགས་མང་པོ་གསན་པས་མཁས་བཙུན་གྱིས་གྲགས་པས་ཁྱབ།

དེ་ནས་བརྒྱུད་འདེབས་ལས། ༡༤

རབ་འབྱམས་མདོ་སྔགས་ཆོས་ཀྱི་ཁང་བཟང་ལས།།
བཀྲིས་མན་ངག་གཏེར་གྱི་སྒོ་ཕྱེ་ནས།།
སྐལ་བཟང་གདུལ་བྱའི་རེ་སྐོང་ཆོས་ཀྱི་རྗེ།།
ཡོངས་འཛིན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར།དེའི་རྗེས་སུ་མངའ་རིས་པ་བཀྲིས་བཟང་པོ་སྨད་རྒྱུད་པའི་ཁྲིར་ཕེབས་་པ་ཡིན་ཏེ།དེ་ཡང་རྗེ་བྱམས་པ་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་ལ་མཁས་པའི་བཤེས་གཉེན་ཆེན་པོར་གྱུར།སྨད་རྒྱུད་ཀྱི་འཆད་ཉན་ཡང་མི་ཐུང་བ་ཞིག་མཛད་པ་ཡིན་སྣང་།རྒྱུད་ཆེན་དགེ་འདུན་རྒྱལ་མཚན་སོགས་ཀྱིས་དམ་པ་འདིའི་དྲུང་ནས་རྒྱུད་འགྲེལ་ཆ་ལག་དང་བཅས་པ་གསན་པའི་ཡོངས་འཛིན་དུ་གྱུར།འཁྲུངས་གཤེགས་ཀྱི་ལོ་ཚིགས་ནི་མ་བརྙེད།བྱང་རྩེ་དང་གདན་སར་ཕེབས་པ་མི་གསལ་བས་བར་དེར་སྐུ་གཤེགས་པ་སྣང་ངོ་།།

དེ་ནས་བརྒྱུད་འདེབས་ལས། ༡༥

༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽

རྣམ་དཀར་དགེ་ཚོགས་དུ་མས་བསྐྲུན་པའི་སྐུ།།
འདུན་ལྡན་ཡིད་ཀྱི་རེ་བ་སྐོང་བའི་གསུང།།
དཔག་ཡས་མདོ་རྒྱུད་མཐའ་དག་མཁྱེན་པའི་ཐུགས།།
ཐུབ་བསྟན་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་མཁན་ཁྲིར་རྗེ་དགེ་འདུན་རྒྱལ་མཚན་ཕེབས།དམ་པ་འདི་ནི་རྗེ་བདག་ཉིད་ཆེན་པོ་གཤེགས་ནས་ལོ་བརྒྱ་དང་བཅུ་བཞི་སོང་བ་རབ་བྱུང་དགུ་པའི་ཆུ་ཕོ་འབྲུགཕྱི་ལོ་༡༥༣༢ལ་ལྷ་སའི་ལུམ་པ་གཤག་ཏུ་སྐུ་འཁྲུངས།དགུང་གྲངས་བཅུ་གཅིག་པ་ལ་སྐུ་མཆེད་གསུམ་ག་སེ་རའི་ཁྲི་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་བྱེས་པ་མཁན་པོ་ཤེས་རབ་སེངྒེ་ལས་རབ་ཏུ་བྱུང།རྗེ་འདི་པས་བྱེས་པ་གྲྭ་ཚང་དུ་བཀའ་ཆེན་རྣམས་ལ་གསན་བསམ་མཛད་པས་མཁས་པར་གྱུར།

དེ་ནས་བརྒྱུད་འདེབས་ལས། ༡༦

རྣམ་མང་མདོ་རྒྱུད་རལ་པའི་ཁུར་འཆང་ཞིང།།
ཕྱོགས་ལས་རྣམ་རྒྱལ་རིགས་པའི་གད་རྒྱངས་ཅན།།
བསླབ་གསུམ་གངས་རི་འཛིན་པ་ཀུན་གྱི་དཔལ།།
མཁས་བཙུན་བཟང་པོའི་ཞབས་ལ་གསོལ་བ་འདེབས།།

ཞེས་པ་ལྟར།དེའི་རྗེས་སུ་སྨད་རྒྱུད་པའི་ཁྲིར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་རྣམ་རྒྱལ་དཔལ་བཟང་བྱོན་པ་ཡིན་ཏེ།དམ་པ་འདི་རབ་བྱུང་དགུ་པ་ལྕགས་གླང།ཕྱི་ལོ་༡༥༤༡ལོར་གཙང་རྟ་ནག་ཏུ་སྐུ་འཁྲུངས།རྗེ་བདག་ཉིད་ཆེན་པོ་གཤེགས་ནས་ལོ་བརྒྱ་དང་ཉེར་གསུམ།རྗེ་ཤེས་རབ་སངྒེ་གཤེགས་ནས་ལོ་གོ་བརྒྱད་སོང་བ་དེ་ཡིན།ཐོག་མར་དཔལ་འཁོར་ཆོས་སྡེར་རབ་ཏུ་བྱུང།དེ་ནས་བཀྲས་ལྷུན་ཤར་རྩེ་གྲྭ་ཚང་དུ་ཞུགས།པཎྚི་ཏ་བློ་གྲོས་ལེགས་བཟང་ལ་བཀའ་ཆེན་རྣམས་གསན་ཏེ་བཀའ་བཅུའི་གྲྭ་སྐོར་མཛད།རྒྱལ་བ་དབེན་ས་པའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ལམ་རིམ་གསུམ་དང་གསང་བདེ་འཇིགས་གསུམ་གྱི་ཟབ་ཁྲིད་མང་པོ་གསན་ཏེ་བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས།ལན་ཅིག་བླ་མའི་ཞལ་ནས་བཀའ་བཅུ་པས་བཀྲིས་ལྷུན་པོར་བྱོན་ནས་པུ་ཏི་ལྷག་མ་རྣམས་བསླབས་ཏེ་རབ་འབྱམས་པའི་གྲྭ་སྐོར་མཛོད་དང་རྗེ་རིན་པོ་ཆེའི་བསྟན་པ་ལ་ཕན་ཐོགས་པ་ཞིག་འབྱུང་བ་འདུག་གསུངས་པ་ལྟར།སླར་བཀྲིས་ལྷུན་པོར་བྱོན་ནས་བཀའ་ཆེན་རྣམས་ལ་བསྐྱར་སྦྱོང་མཛད་ནས་ངམ་རིང་དང་དཔལ་འཁོར་ཆོས་སྡེ་གཉིས་སུ་རབ་འབྱམས་པའི་གྲྭ་སྐོར་གནང་སྟེ།དཔལ་འཁོར་ཆོས་སྡེའི་ལྷ་ཁང་གྲྭ་ཚང་གི་བླ་མ་ཡང་མཛད།གྲྭ་ཁང་ལ་ཞིག་གསོ་མཛད་སྐབས་ས་མེན་སྐོ་བའི་ཕུག་པ་གས་ནས་འགྲོ་མི་ནུས་ཚེ།རྗེ་འདིས་ཁྱེད་རང་ཚོས་ས་སྐོས་ཤིག་ངས་བཟུང་གི་གསུངས་ཏེ།ཕུག་པའི་གས་མཚམས་སུ་ཞབས་ཀྱིས་མནན་ཏེ་ཏིང་ངེ་འཛིན་བརྟན་པོས་མནན་པས་ཕུག་པ་མ་བརྡིབས།དེ་ནས་གྲྭ་པ་ཕྱིར་ཐོན་པ་དང་ཞབས་བསྡུས་ནས་བྱོན་པས་དེ་མ་ཐག་ཕུག་པ་དེ་ཞིག་ཀུན་གྱིས་གྲུབ་རྟགས་ཡིན་པར་ཤེས་ནས་ངོ་མཚར་ཆེ་བར་མཛད།པཎ་ཆེན་རིག་པའི་སེངྒེ་བསྟེན་ནས་མཁས་གྲུབ་ཐམས་ཅད་མཁྱེན་པ་དང།རྗེ་བློ་གྲོས་ཆོས་སྐྱོང་ཡབ་སྲས་ཀྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་མ་ལུས་པ་གསན་ཅིང།བསྐྱེད་རྫོགས་ཀྱི་རྣམ་བཤད་ཆེན་མོའི་ལུང་གདམས་པ་དང་བཅས་པ་གསན།འགྲེལ་པ་བཞི་སྦྲགས་ཀྱི་ལུང་ཡང་གསན་ཅིང།འདི་དག་སྲད་རྒྱུད་ཀྱི་བསྐྱེད་རྫོགས་དང་འགྲེལ་བའི་བཤད་རྒྱུན་ཡིན་པས་འདི་ནས་བཟུང་རྒྱུད་པ་ཟུང་འབྲེལ་གྱི་བཤད་རྒྱུན་ཡིན་ནོ།།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)